དུས་རབས་ཉེར་གཅིག་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་བསྒྱུར་མཚམས་དང་།ནང་ཆོས་ཉམས་ལེན་གྱི་དུས་སྐབས་བཟང་ཤོས་ཀྱང་རེད། ཚན་རྩལ་འཕེལ་རྒྱས་ཕྱིན་པས་འཛམ་གླིང་གི་མི་རིགས་ཁག་བར་རྒྱང་ཐག་ཉེ་རུ་ཕྱིན་ཡོད།ཕྱོགས་གཞན་ནས་མིའི་རིགས་སྒེར་སེམས་ཆེ་དྲགས་ནས།ཁོར་ཡུག་ལ་སྔ་ཕྱིར་གནོད་སྐྱོན་མང་པོ་བཟོས་ཡོད། འོན་ཏེ་ང་ཡིད་ཆེས་ཡོད།དུས་རབས་ཉེར་གཅིག་ནི་མི་རྣམས་རྟོགས་པ་སད་དེ།ཕྱོགས་གཅིག་རྐྱང་པའི་ལྟ་ཚུལ་སེལ་བའི་དུས་མཚམས་རེད།ལོ་ཉི་ཤུའི་ནང་ང་ཡོ་རོབ་ལ་ཐེངས་འགའ་དང་ལྷག་པར་དུ་འཇར་མན་ལ་ཕྱིན་མྱོང་། ལོ་ཉི་ཤུའི་གོང་འཇར་མན་གྱི་ནགས་གསེབ་ལ་བྱ་དང་ནགས་བྱི་སོགས་སྲོག་ཆགས་ཧ་ཅང་ཉུང་།ཁྱིམ་མཚེས་དབྱི་ཐ་ལིའང་དེ་མཚུངས་ཆུ་བོ་བཙོག་ཅིང་ཉ་ཡང་ཉུང་།འོན་ཏེ་ལོ་ཉི་ཤུའི་ནང་ཡོ་རོབ་ནང་ཁོར་ཡུག་གི་གནས་སྟངས་ཐད་གནམ་ས་བླ་འོག་བསྒྱུར་བ་ལྟར་འགྱུར་བ་བྱུང་ཡོད།ཁོ་ཚོས་སྡོང་བུ་མང་པོ་བཙུགས། ཆུ་བོ་ཡང་དྭངས་གཙང་དུ་གྱུར།ངས་གནམ་ཐོག་ནས་འཇར་མན་ལ་འགྲོ་དུས་ཁྱིམ་ཕལ་ཆེ་བས་ཉི་འོད་ནུས་པའི་གློག་ཆས་བསྒར་བ་མཐོང་བྱུང་།ལྗང་མདོག་ནུས་ཁུངས་ཀྱི་རྩ་བ་ཡང་རྒྱ་གར་ལ་ཚུགས་ཡོད། བཟོ་གྲྭ་གཅིག་ཡོད་པ་དེས་ཟོག་རོ་ནོར་བུར་བསྒྱུར་བའི་ལས་ཀ་ཆེད་མངགས་བྱ་གི་ཡོད།ཁོ་ཚོས་ཚིག་ཇའི་ལྷག་རོ་ཕྱུར་ར་དེས་ཚོན་ལྡན་གྱི་རས་ཆ་བཟོས་ཡོད།དངོས་གནས་ཚན་རྩལ་ལ་སྒྱུར་བཅོས་སྣ་མང་བྱས་པའི་རྐྱེན་གྱིས་རེད།དུས་རབས་ཉེར་གཅིག་འདི་ནི་ཡོངས་རྫོགས་བསྒྱུར་བརྗེའི་དུས་མཚམས་དང་།སྒོམ་སྒྲུབ་ཐད་ལ་ཡང་ཆེས་བཟང་བའི་དུས་གཅིག་ཡིན་པའི་ཡིད་ཆེས་ཡོད།
དུས་རབས་ཉེར་གཅིག་འདིར་ནང་བསྟན་ལ་དགོས་ངེས་བསྒྱུར་བཅོས་བྱ་དགོས།སྔོན་དུས་ས་ཆ་མང་པོར་གྲྭ་པ་མཉམ་འཚོགས་ཀྱིས་གྲྭ་པས་ཆོས་འདོན་གྱི་ཡོད།ཡིན་ནའང་ནང་ཆོས་ལ་སྒོ་ཧ་ཅང་མང་པོ་ཡོད་ཅིང་།མི་གཅིག་གིས་ཚང་མ་ཀློག་རྒྱུའང་ཧ་ཅང་ཁག་པོ་རེད།ངེས་པར་ཀློག་གལ་ཆེས་ཆེ་བ་ནི་རིག་གཞུང་སྟེ། ལྷག་པར་དུ་རྒྱ་གར་མཁས་པས་བརྩམས་པའི་ལྟ་གྲུབ་སྐོར་རེད།ང་ཚོས་ཐད་ཀར་ནང་པའི་རིག་གཞུང་ཀློག་པ་དང་།ནང་ཆོས་ཀྱི་དད་མོས་དང་ལེན་བྱེད་པར་ཚན་རྩལ་འཕེལ་རྒྱས་ཀྱིས་སྟབས་བདེ་བསྐྲུན་ཡོད།དཔེ་ཆ་ཚང་མ་དྲྭ་ཐོག་ནས་སྟབས་བདེ་པོས་ཕབ་ལེན་བྱ་ཐུབ་པས། ངས་ཀྱང་དེ་སྤྱོད་ཀྱི་ཡོད།ག་རེ་ཀློག་གི་ཡིན་ནའང་དཔེ་མིང་བདམས་པ་ཙམ་གྱིས་འགྲིག་གི་ཡོད།དུས་རབས་ཀྱི་སྟབས་བདེའི་འཕེལ་རྒྱས་ཡིན་པས།གྲྭ་བཙུན་ཚང་མས་ཀྱང་ཚད་མཐོའི་ཚན་རྩལ་བེད་སྤྱོད་བྱས་ཏེ་སྟོན་པའི་གསུང་རབ་མང་ཙམ་ཀློག་དགོས།
ང་ཚོས་ནང་ཆོས་ཀྱི་རིག་གཞུང་ལ་ཡང་རྙིང་བསྐྱུར་གསར་བསྣན་བྱ་དགོས།ནང་ཆོས་ལ་བརྒྱུད་རིམ་མི་འདྲ་བ་མང་པོ་ཡོད། བརྒྱུད་རིམ་འདི་དག་གི་ལྟ་གྲུབ་ཕལ་ཆེ་བ་ནི་སྤྱི་ལོའི་གོང་གི་༥༠༠ནས་༡༠༠༠ལོ་ཡན་གྱི་རྣམ་པར་གནས་ཡོད།འོན་ཀྱང་རིམ་པས་དུས་རབས་འགྱུར་བས་ན།བརྒྱུད་རིམ་དེ་དག་གི་ལྟ་གྲུབ་ལ་ཡང་ཡར་རྒྱས་བྱུང་ཡོད། རེད་དེ། ལྟ་གྲུབ་འདི་དག་གྲུབ་པའི་དུས་ཀྱི་དུས་རབས་ཀྱི་ཁོར་ཡུག་གི་རྒྱབ་ལྗོངས་དང་དེང་སྐབས་སྤྱི་ཚོགས་ཀྱི་གནས་སྟངས་མི་འདྲ་བས།འདི་ཡང་ང་ཚོའི་རིག་གཞུང་ལ་རྙིང་བསྐྱུར་གསར་བསྣན་བྱ་དགོས་པའི་རྒྱུ་མཚན་ཞིག་རེད།ང་ཚོའི་རིག་གཞུང་ནང་ཆོས་ལུགས་གཞན་པ། ཡེ་ཤུ་དང་། ཨེ་སི་ལམ། ཡ་ཧུ་དའི་ཆོས་ལུགས་ཀྱི་ལྟ་བ་"མཐུན་ལམ་དང་ཚུར་མ་ལེན་པར་ཕར་གཏོང་བ།དམངས་ཕན་བྱ་གཞག་"ལྟ་བུ་ཚུར་གསབ་ཐུབ་དགོས།
ང་ཚོས་དེ་སྔོན་གྱི་རང་ལྟ་མཆོག་འཛིན་གྱི་བརྒྱུད་འཛིན་གྱི་རྣམ་པ་དེ་འདྲ་མི་བྱ་བར།ཆོས་ལུགས་ཕན་ཚུན་བར་བཟང་ངན་འགྲན་རྩོད་དོར་བ་མ་ཟད།ཆོས་ལུགས་ཀྱི་ལྟ་ཚུལ་མི་འདྲ་བར་རྒྱ་ཁྱབ་ངང་སློབ་སྦྱོང་བྱས་ཏེ།ཆོས་ལུགས་ཡོད་ཚད་ཀྱི་ཉིང་བཅུད་སྡུད་ལེན་བྱ་དགོས། ངའི་བསམ་འདུན་གཅིག་ནི་མྱེས་པོ་འཇིག་རྟེན་མགོན་པོ་བདེ་བར་གཤེགས་ནས་ལོ་བརྒྱད་བརྒྱའི་རྗེས་དྲན་བྱ་རིམ་ལེགས་གྲུབ་བྱུང་རྗེས།བྱང་ཆུབ་གླིང་དང་བཀའ་བརྒྱུད་མཐོ་སློབ་གཉིས་སུ་ཆོས་ལུགས་གཞན་གྱི་སློབ་ཚན་ཚུགས་ཏེ།ཝེ་ཐེ་ནེན་གྱི་ཁྱབ་ཆེའི་སྒོམ་ཆེན་གྱི་དཔེ་ཆ་ནི་སྒོམ་ཁྲིད་ཕྱོགས་ཀྱི་དཔེར་མཚོན་ཡིན་པས།ང་ཚོའི་སྒོམ་སྒྲུབ་ཀྱང་དུས་རབས་ཀྱི་རྗེས་ཟིན་དགོས་ན།ད་ལྟ་རང་ནས་ལག་ལེན་དུ་འདེབས་དགོས་པ་ལས། དུས་ཚོད་འཕྲོ་བརླག་བཏང་ན་འགྲིག་ཐབས་མེད།
དུས་རབས་ཉེར་གཅིག་འདིར་ཁྱིམ་པ་དགེ་བསྙེན་ཚོ་ནི་ནང་ཆོས་སྲུང་སྐྱོབ་དང་དར་སྤེལ་གྱི་ཐད་ལ་སྣེ་ཁྲིད་ཀྱི་ནུས་པ་ཟབ་མོ་ལྡན་ཡོད།ལོ་རྒྱུས་ཐོག་ལ་རྩ་བའི་ཆ་ནས་སེར་མོ་བས་དར་སྤེལ་གྱི་བྱ་བ་བྱེད་པས།གྲྭ་པའི་གནས་བབས་ནི་ཁྱིམ་པ་དགེ་བསྙེན་ལས་ཧ་ཅང་གིས་མཐོ། འདི་ནི་ནོར་འཁྲུལ་རང་རེད།མ་ལི་སི་ཡར་མཚོན་ན་ཁྱིམ་པ་དགེ་བསྙེན་ནི་ནང་ཆོས་དར་སྤེལ་གྱི་གཙོ་ཤུགས་དམག་ལྟ་བུ་རེད།ཁོང་ཚོར་དགེ་བསྙེན་གྱི་སྡེ་མང་པོ་ཡོད། རྒྱུན་ལྡན་གྱི་སློབ་སྦྱོང་བྱ་ས་བཙུགས་ཏེ།སློབ་མའི་གཉེན་སྒྲིག་དུར་འཇུག བྱིས་སྟོན་སོགས་དགེ་བསྙེན་སྡེའི་ནང་གཉེར་གྱི་ཡོད།དེར་བརྟེན་ནུབ་ཕྱོགས་ཀྱི་དགེ་བསྙེན་རེ་རེ་ནས་བཟུང་སྟེ། ནང་ཆོས་དར་སྤེལ་གྱི་གཙོ་ཤུགས་དཔུང་རེད།མཉན་ཡོད་ནང་པའི་རིག་གནས་དུས་ཆེན་ནི་དཔེར་མཚོན་དངོས་རེད།ང་ཚོས་ཁྱིམ་པ་དགེ་བསྙེན་ན་གཞོན་རྣམས་སྒོ་འབྱེད་ལ་ཞུགས་པར་གདན་ཞུ་བྱས་ཏེ།སྔ་དྲོ་སྒོམ་སྒྲུབ། ཉིན་གུང་བགྲོ་གླེང་དོགས་སེལ།དགོང་མོ་རིག་རྩལ་འཁྲབ་སྟོན་བྱས་ཡོད།
ང་ཚོས་ཆོས་སྤེལ་ཐབས་ཀྱང་བསྒྱུར་དགོས། ལོས་ཡིན།གལ་ཏེ་འབྲི་གུང་བཀའ་བརྒྱུད་ཀྱི་ལྟེ་གནས་སུ་ཆོས་སྤེལ་བ་ཡིན་ན།ངས་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྤེལ་བ་དང་། ཡང་ཐུན་མོང་གི་དད་ལྡན་ལ་ཆོས་སྟོན་དུས།ངས་ངེས་པར་དུ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་བཤད་ཀྱི་མེད། ངས་མཉན་ཡོད་ནང་པའི་རིག་གནས་དུས་ཆེན་སྐབས་ཀྱི་ཆོས་བཤད་རྣམས་འབྲི་གུང་བཀའ་བརྒྱུད་དང་འབྲེལ་བ་མེད།སྔ་ལོར་ངས་བཤད་པའི་ཆོས་ཀྱི་ཚིགས་སུ་བཅད་པ་ཞེས་པ་དེ་རེད།དཔེ་ཆ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཉིང་བཅུད་འདུས་པའི་རིག་གཞུང་སྙིང་པོ་ཞིག་རེད།ངས་འདིར་ཡང་སློབ་མ་ཐམས་ཅད་ཀྱིས་ཆོས་ཀྱི་ཚིགས་སུ་བཅད་པར་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་བྱ་རྒྱུ་ཡིན།ཡུ་ཊོབ་དྲྭ་ཐོག་ཏུ་ཆོས་ཀྱི་ཚིགས་སུ་བཅད་པ་སྒྲ་བརྙན་ཧ་ཅང་ཡག་པོ་ཡོད་པས།ང་ཚོས་དེ་ཉིད་ཕབ་ལེན་བྱས་ཏེ་རླངས་འཁོར་ཐོག་ཉན་ཆོག་ལ། འདི་ཡང་དུས་རབས་ཉེར་གཅིག་པའི་ཉམས་ལེན་བྱ་ཐབས་ཤིག་ཀྱང་རེད།
སངས་རྒྱས་ཀྱིས་ང་ཚོ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐད་ཀར་འདོན་ཐབས་རྩ་བ་ནས་མེད།ཁོང་གིས་བྱེད་ཐུབ་པ་ནི་ང་ཚོར་ཐར་པའི་ལམ་བཟང་སྟོན་ཅིང་དེར་འཁྲིད་པ་དེ་རེད།ང་ཚོར་ཁོང་གི་རྟོགས་པ་སྤོ་ཐབས་རྩ་བ་ནས་མེད། ལམ་དེར་ཡང་ང་ཚོ་སོ་སོས་འགྲོ་དགོས།ཆོས་དེ་ཡང་ང་ཚོ་སོ་སོས་སྒོམ་དགོས། བོད་ཀྱི་ནང་ལ་ཚེ་དབང་བསྐུར་བ་ཡིན་ན་མི་ཧ་ཅང་མང་པོ་འོངས་ལ།ཡང་ཕྱག་རྒྱ་ཆེན་པོའི་ཆོས་བཤད་ན་གཅིག་ཀྱང་འོང་མཁན་མེད། ཡ་གླིང་ལ་འང་དེ་རིང་ལྟ་བུའི་བྱེད་སྒོར་ཡོང་མཁན་ཧ་ཅང་ཉུང་།ཡང་གལ་ཏེ་ནོར་ལྷའི་དབང་བསྐུར་ན་མི་མི་ཤོང་བ་འོངས། དེ་བཞིན་གྲྭ་པ་ནང་དུ་བོས་ནས་ཆོས་འདོན་རྒྱུར་ཧ་ཅང་དགའ།སོ་སོས་འདོན་སྒྲུབ་བྱ་གི་མེད། ཡ་གླིང་དང་ཧི་མ་ལ་ཡའི་ནང་པ་ཕལ་ཆེ་བས།བསྙེན་པའམ་ཆོས་འདོན་སྒྲུབ་ཀྱི་སྐབས་སུ་ལུས་ངག་གིས་འབད་ཀྱང་།སེམས་ནི་དེར་གནས་ཀྱི་མེད། འདི་ནི་མདའ་འཕེན་དུས་འབེན་ལ་མི་གཟེ་བ་འདྲ་བ་རེད།དེས་མི་འགྲིག་པས་སྒོ་གསུམ་ཀ་གཅིག་ཏུ་སྒྲིལ་དགོས།
ང་ཚོས་ཐོས་བསམ་སྒོམ་གསུམ་ཟེར་བས། སྒོམ་ནི་ཧ་ཅང་གལ་ཆེན་རེད།ལོ་གཉིས་གོང་དུ་ང་བལ་ཡུལ་བྱ་རུང་ཁ་ཤོར་ལ་ཡོད་དུས། བོད་པ་ཞིག་གིས་ཆོས་བྱེད་ལུགས་མཐོང་བྱུང་།ཁོས་མཆོད་རྟེན་ལ་དཀར་རྩི་གསོལ་ཞིང་། མར་མེ་སྟོང་མཆོད་ཀྱང་བྱས་སོང་།འདིའི་གོ་རིམ་ནང་ཁོས་སྨོན་ལམ་གདབ་ཀྱི་མེད་ལ། སེམས་ཀྱང་ཆོས་ཀྱི་བྱ་བའི་ཐོག་གནས་མེད།འདི་ཡང་ཁོའི་བསོད་ནམས་གསོག་སྟངས་ནི་ལོས་ཡིན།འོན་ཏེ་ཁོས་སངས་རྒྱས་ཀྱིས་ང་ཚོར་རང་གི་སེམས་ནི་ཡོངས་སུ་གདུལ་ཞེས་པའི་སློབ་སྟོན་ཐོག་འབད་ཐུབ་མེད།ཉིན་གཅིག་ང་བལ་ཡུལ་གྱི་གྲོང་གསེབ་ཅིག་ལ་ཕྱིན་པས།གྲོང་མི་ཚོས་སྦྱིན་སྲེག་བྱ་གི་འདུགའོན་ཏེ་འདི་ཁུལ་ཧ་ཅང་དབུལ་བས་མེ་མཆོད་ཀྱང་མི་ཆེ། ལོ་ཉི་ཤུ་ཡས་མས་ཡིན་པའི་བུ་མོ་ན་ཆུང་མ་ཞིག་གིས་མར་མེ་ཞིག་འཁྱེར་འོངས་ཏེ་མེ་སྤར་ནས་ཟུར་ཞིག་ཏུ་སྒྲོལ་མའི་སྐུ་མདུན་དུ་ཕུལ།ལག་གཉིས་ཐལ་མོ་སྦྱར་ཏེ་རྩེ་གཅིག་པས་སྨོན་ལམ་བཏབ་སོང་བས།ང་ལ་མོའི་སེམས་དང་སྒྲོལ་མའི་ཐུགས་གཉིས་མེད་གཅིག་ཏུ་གྱུར་པའི་ཚོར་སྣང་བྱུང་། ང་ཚོས་ངེས་པར་དུ་ཁོང་ནང་བཞིན་སྒོམ་སྒྲུབ་བྱ་དགོས།ང་ཚོའི་སེམས་དང་ཡི་དམ་གྱི་ཐུགས་གཅིག་ཏུ་འདྲེས་པ་བྱ་དགོས། སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཞུ་བའི་གོང་ལ།ང་ཚོས་སངས་རྒྱས་བྱང་སེམས་ཀྱིས་ལག་ནས་འཐེན་པ་དེ་ལེགས་པར་གཟུང་རྒྱུ་དེ་དྲན་དགོས།དེར་བརྟེན་ང་ཚོས་སྒོམ་སྒྲུབ་བྱ་དགོས།སྲོལ་རྒྱུན་གྱི་བསམ་བློའི་ཐོག་གི་བསྙེན་སྒྲུབ་ཁ་འདོན་དེ་ཤོད་ཀྱི་མེད།གལ་ཆེ་ཤོས་ནི་ང་ཚོའི་སེམས་དང་ཡི་དམ་གྱི་ཐུགས་སྦྲེལ་རྒྱུ་དེ་རེད།ཡི་དམ་བསྒྲུབ་དུས་ལུས་ཡི་དམ་གྱི་ལྷར་གསལ་རྒྱུ་དེ་ཁོ་ན་མ་ཡིན་པར་ང་ཚོའི་སེམས་དེ་ཉིད་ཡི་དམ་གྱི་ཐུགས་སུ་འགྱུར་ཐུབ་དགོས་པ་དེ་ཡིན།དུས་མཚུངས་ངེས་པར་དུ་ང་ཚོའི་ལུས་ངག་ཡིད་གསུམ་པོ་རྩ་བའི་ཡི་དམ་དང་ཐ་མི་དད་པའི་རིམ་པར་འགྱུར་བའམ་འགྲུབ་དགོས།འདི་ནི་ཡང་དག་པའི་སྒོམ་སྒྲུབ་བྱ་ཐབས་ཡིན་ལ། འདིའི་ཐད་ལ་ང་ཚོའི་ནུབ་ཕྱོགས་ཀྱི་སློབ་མ་ཚོས་ཡག་པོ་བྱས་འདུག
གཞན་ཡང་ཁོར་ཡུག་སྲུང་སྐྱོབ་ཀྱང་གལ་ཧ་ཅང་ཆེ།སྟོན་པས་ལྗོན་ཤིང་མདོ་ལས། དེ་རིང་ལྗོན་ཤིང་མཐོང་བའི་ཚེ། དགེ་སློང་རྣམས་ལ་འདི་སྐད་གསུངས།དགེ་སློང་དག་སུས་རྟེན་ཅིང་འབྲེལ་འབྱུང་མཐོང་ན། དེས་ཆོས་མཐོང་ངོ་།། སུས་ཆོས་མཐོང་ན་དེས་སངས་རྒྱས་ཀྱང་མཐོང་ངོ་།།ཞེས་གསུངས་ལ། ལྗོན་ཤིང་གི་མདོའི་ནང་དོན་དངོས་ནི་བྱམས་པ་ལ་ཤཱ་རིའི་བུས་ཞུས་པ་སྟེ།ལྗོན་ཤིང་ནི་ས་བོན་ལས་མྱུ་གུ མྱུ་གུ་ལས་ཡལ་གདེ་ལས་རིམ་པས་མེ་ཏོག་སོགས་འབྱུང་བའི་དོན་དངོས་བཞིན། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་གི་རིམ་པ་འདྲ་བོ་རེད།དེ་ཡོད་ན་འདི་འབྱུང་། དེ་སྐྱེས་ན་འདི་སྐྱེ་བས་ན་ང་ཚོ་གནས་སའི་ཁོར་ཡུག་ནང་།སྣང་སྲིད་ཐམས་ཅད་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད།ང་ཚོའི་ཁོར་ཡུག་ཉམས་དགའ་བ་འདི་རྟེན་ཅིང་འབྲེལ་འབྱུང་ཡིན།འབྱུང་ཁམས་ཀྱི་མ་ལག་ནི་ང་ཚོའི་ལུས་པོ་དང་འདྲ།གང་འདྲ་ཞིག་ལ་ནད་དང་འགྱུར་བ་བྱུང་ན་ལུས་པོ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཀྱི་ཡོད།རྒྱུ་མཚན་དེའི་དབང་གིས་ང་ཚོ་ནང་པའི་སློབ་མ་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་ནང་གཞུག་དགོས་པ་ཆགས་ཡོད།
ཐོག་མའི་སྐབས་སུ་མི་རྣམས་ཀྱིས་གྲྭ་པ་འདི་ཚོ་དགོན་པར་ཆོས་ཀློག་ནས་མ་བསྡད་པར་འདིར་ལས་ཀར་ཡོང་དོན་ཅི་ཡིན་སྙམ་དོགས་པ་སྐྱེས་ཡོད།ང་ཚོས་སྐྱེ་ལྡན་ལྗང་འགྱུར་གྱི་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་ལས་ཀ་བྱས་པས།ལ་དྭགས་ཀྱི་ས་གནས་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་ཡོད།རང་བྱུང་ཁམས་ཆེན་མོའི་ནང་སྐྱེ་འགྲོ་མང་པོ་འཚོ་གནས་བྱས་ཡོད་པས། ང་ཚོས་ཁོར་ཡུག་སྲུང་སྐྱོབ་བྱས་པས་སྐྱེ་འགྲོ་འདི་དག་ལ་ཕན་བདེ་བསྐྲུན་ཐུབ་པ་མ་ཟད།ང་ཚོའི་བྱམས་སེམས་ཀྱང་གོང་འཕེལ་དུ་བཏང་ཡོད། དཔེར་ན་ང་ཚོས་ཞིང་སྨན་བེད་སྤྱོད་གཏོང་མཚམས་བཞག་པས།དེས་དམིགས་བསལ་དུ་འགྲོ་བ་མང་པོའི་ཚེ་སྲོག་སྐྱོབ་ཐུབ་ཡོད།དྲན་ཐོའི་གློག་བརྙན་བྱ་རྒོད་འཕུར་འདོད་པ་ཞེས་པས་འདིའི་དོན་བསྟན་གནང་ཡོད།
ཡ་གླིང་དུ་སྲོག་བླུ་དར་སྲོལ་ཡོད་ཀྱང་དོན་དངོས་སྲོལ་རྒྱུན་གྱི་སྲོག་བླུ་བྱ་ཐབས་དེ་བཟང་པོ་མ་རེད།རྒྱུ་མཚན་ནི་གལ་ཏེ་གཞན་གྱིས་སྲོག་བླུའི་སྲོག་ཆགས་ཚུར་བཟུང་འོང་དུས།དེས་ཁོ་ཚོར་དེ་བས་སྡིག་ལས་ཆེ་བ་བཟོས་ཡོད། དངོས་གནས་ཀྱི་སྲོག་བླུ་ནི་ང་ཚོའི་ཁོར་ཡུག་སྲུང་སྐྱོབ་འདི་རེད།ཁོར་ཡུག་ཡག་པོ་ཆགས་ཐུབ་པ་ཡིན་ན།སྐྱེ་འགྲོ་མང་པོའི་ཚེ་སྲོག་ལ་སྲུང་སྐྱོབ་དེ་བས་ལེགས་པ་འཐོབ་ཐུབ།ཕ་རོལ་ཕྱིན་དྲུག་གི་ཉམས་ལེན་དེ་དགོན་པ་དང་མཚམས་ཁང་ནང་འདོན་རྒྱུ་ཙམ་མ་རེད། དེ་ནི་སྤྱི་ཚོགས་ནང་དུ་ཉམས་ལེན་བྱ་རྒྱུ་ཞིག་རེད། ༢༠༡༧.༧.༡ ལ་ར་སེ་དཀོན་རྒྱམ་གྱིས་རྒྱ་ཡིག་ལས་དོན་བསྒྱུར་ཞུས།ཡིད་མ་ཆེས་ན་ཁ་སེང་འབྲི་གུང་བཀའ་བརྒྱུད་ཅེས་པའི་འཕྲིན་སྟེགས་ལ་བཀོད་པའི་རྒྱ་དབྱིན་ལ་གཟིགས།
རྩོམ་ཁུངས། འཕྲིན་ལས་ཀྱི་འོད་སྣང་ལོ་དེབ་བཞི་པ།
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
ཆོས་བརྒྱུད་དྲ་བ།
རྩོམ་རིག་དྲ་བ།
དམ་ཆོས་དྲ་བ།
དཔེ་མཛོད་དྲ་བ།