དགུང་གྲངས༧༥འཁྲུངས་སྐར་ལ་ཕུལ།
དཔལ་མཉམ་མེད་རྒྱལ་བ་འབྲི་གུང་པའི་༧སྐྱབས་མགོན་རྡོ་རྗེ་འཆང་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོའི་རྣམ་ཐར་རྟོགས་བརྗོད་ནོར་བུའི་འཁྲི་ཤིང་བཞུགས།།
གང་གི་རང་བཞིན་སྤྲོས་པའི་མཐའ།།
བྲལ་ཡང་སྙིང་རྗེའི་གཟུགས་སྐུ་སྤྲིན།།
ཁྱབ་བདག་སྐྱབས་གཅིག་འཁོར་ལོའི་མགོན།།
ཆེ་ཚང་རྡོ་རྗེ་འཆང་ལ་འདུད།།
སྣང་བ་འགག་པ་མེད་པས་རྟག
སྟོང་པ་ཆད་པ་མེད་པས་བརྟན།།
ཟུང་འཇུག་ཡེ་ཤེས་རྡོ་རྗེའི་སྐུ།།
གསང་གསུམ་མི་ཤིགས་འཚོ་བཞེས་གསོལ།།
གང་སྔོན་ལྷ་སར་ཚ་རགས་ཀྱི།།
ཐབས་ཤེས་སྒྱུ་འཕྲུལ་རོལ་མོ་ལས།།
ཐོག་མར་ཨ་ཧཾ་ཏམྦུ་ར།།
འཁྲུངས་སྐར་དུས་ཀྱི་དགའ་སྟོན་དྲན།།
རྡུལ་བྲལ་ཆུ་སྐྱེས་པདྨོ་བཞིན།།
ཡིད་འོང་དཀྱུས་རིང་སྙིང་རྗེའི་སྤྱན།།
མ་བཅོས་ཁོངས་ནས་འཛུམ་དམུལ་བའི།།
བྱམས་བརྩེའི་དྲི་བསུང་ལྷན་སྐྱེས་འཐུལ།།
དེ་ཚེ་གཞོན་ནུའི་མཚན་བཟང་དཔལ།།
མཐོང་བས་ཡིད་བརྟན་དབང་མེད་དུ།།
འཕྲོག་པའི་ལྷ་དང་བླ་མས་ཀྱང་།།
འབྲི་གུང་ཆེ་ཚང་ལུང་དུ་ཕོགས།།
རིང་ནས་གོམས་པ་ཤུགས་ཀྱི་རྟ།།
ངལ་བ་ལྕག་གིས་མ་གཞུས་པར།།
རང་གི་སྐད་ཡིག་འབྲི་ཀློག་ཐང་།།
རྟག་གུས་བང་ཁའི་འགྲོས་ཀྱིས་བཅད།།
གང་སྔོན་ཐུགས་བསྐྱེད་སྨོན་ལམ་བསྐྱ།།
དུས་ལས་མ་ཡོལ་གདུལ་བྱའི་མཚོར།།
ཀླུ་དབང་རྒྱལ་བ་འབྲི་གུང་པའི།།
སོ་བདུན་གཙུག་གི་ཁྲི་ལ་བཀོད།།
ཕན་བདེའི་འཇུག་ངོགས་སྐྱབས་སེམས་དང་།།
ཆོག་ཁྲིགས་འཕོ་བ་ཆེན་མོ་སོགས།།
སྨིན་གྲོལ་ཟབ་དགུའི་དབང་ལུང་ཀུན།།
གྲུབ་བརྙེས་དུ་མས་གཅེས་སུ་ཕུལ།།
དེ་ཚེ་རྡུལ་དམར་ཀུན་ཁེབས་མས།།
རྒྱལ་བསྟན་ནུབ་རིར་བསྙལ་བའི་ཚེ།།
ཁྱོད་ནི་སྐྱ་རེངས་གསར་པ་བཞིན།།
འཆར་ཁའི་ནུས་པ་སྙིང་ལ་བརྟས།།
མི་ཟད་དུ་ཁས་དྲ་མའི་རིགས།།
མནར་དུ་སྤྱོད་པ་ང་བརྒྱད་ལོར།།
བརྡུང་བརྡེགས་སྒྲིབ་པ་སྦྱོང་བའི་ཐབས།།
རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར།།
གཡོན་ཐལ་ཆེ་བའི་འཐབ་རྩོད་འོག།
ཆེ་དགུའི་སྐུ་སྲོག་ཤོར་བའི་དུས།།
ཁྱོད་ནི་གཞོམ་བྲལ་རྡོ་རྗེའི་སྐུར།
བརྟན་འདི་བདག་སོགས་སྐལ་བ་སྦོམ།།
གང་ཚེ་ངང་པས་འོ་མ་བཞིན།།
ཤེས་བྱར་སློབ་དགེས་རྒྱལ་བའི་སྲས།།
ནག་པོ་རྒྱ་ཡི་སྐད་ཡིག་ཀྱང་།།
མཁྱེན་པས་གཞན་གྱི་ཡིད་རབ་འཕྲོག།
རིག་གསར་ཞུགས་ཀྱིས་གདོང་དམར་ཀུན།།
མགོ་བོའི་སྙེ་མ་ཁུར་དུད་ཚེ།།
ཁྱོད་ནི་མིའུ་ཐུང་གཟུགས་བཞིན་དུ།།
གོམས་སྟབས་གཅིག་གིས་འཕགས་ཡུལ་ཐེགས།།
དེ་ནས་ཧིན་དྷུ་རྒྱ་མཚོའི་འགྲམ།།
གནའ་གྲོང་རྒྱ་གར་ལུང་བརྒལ་ཏེ།།
དེང་རབས་སུམ་རྩེན་ཨ་རིའི་གྲོང་།།
ཆེས་མཐོའི་སློབ་སྦྱོང་ཕ་མཐར་ཕྱིན།།
གནའ་དེང་སྙིགས་དོར་བཅུད་བླངས་ཏེ།།
ལུགས་ཟུང་འཁོར་ཡུག་སྲུང་བ་སོགས།།
བུང་བས་སྦྲང་རྩི་གཞིབ་པ་ལྟར།།
ཤར་ནུབ་མཛངས་པའི་རྣམ་དཔྱོད་ཕྲོགས།།
འཛམ་གླིང་ཞི་བདེའི་དེད་དཔོན་དྲུང་།།
བསྟན་སྲིད་་བླང་དོར་བསླབ་བྱ་དང་།།
ངེས་འབྱུང་གཞན་ཕན་རིག་པ་འཛིན།།
སུམ་ལྡན་རྡོ་རྗེ་འཛིན་པར་སྒྲུབ།།
རིག་པའི་རྡོ་རྗེ་དིལ་མཁྱེན་དང་།།
ཨ་པད་འབྲུག་པ་སྟག་ལུང་སོགས།།
རིས་མེད་གསར་རྙིང་བཤེས་ཀྱི་མདུན།།
མདོ་རྒྱུད་སྨིན་གྲོལ་རྒྱ་མཚོ་ནོད།།
ཁྱད་པར་རྒྱལ་བ་འབྲི་༵གུང་༵པའི།།
བསྟན་དགོངས་ལྔ་ལྡན་ཆོས་དྲུག་སོགས།།
གྲུབ་དབང་གཡུང་དགའ་ལ་སོགས་ལས།།
བུམ་པ་གང་བྱོའི་ཚུལ་དུ་བཞེས།།
དེ་ཚེ་ལྷག་པའི་བསྟན་སྲུང་ལྷ།།
ཨ་ཕྱི་ཆོས་སྒྲོན་བཀའ་ལུང་བཞིན།།
ངལ་བརྒྱས་འབྲི་གདན་བྱང་ཆུབ་གླིང་།།
བྱེས་ཀྱི་གདན་ས་དྷེ་རར་བཙུགས།།
ཉིན་བཞིན་དད་ལྡན་ཚལ་ཡངས་པོར།།
སྨིན་གྲོལ་བཀའ་ཆོས་བདུད་རྩིའི་ཆར།།
འབེབས་ལ་མ་ངལ་དགེ་བའི་བཤེས།།
ཡང་དར་ལུང་རྟོགས་བསྟན་པ་བཟུང་།།
ཡོ་རུབ་གནའ་བོའི་དཔེ་མཛོད་ལས།།
ཏུན་ཧོང་བོད་ཀྱི་ལོ་རྒྱུས་རྣམས།།
གཏེར་བཞིན་བཏོན་ཏེ་འགྲིམས་སྤེལ་གྱིས།།
བཙན་པོ་གནམ་གྱི་ཞབས་རྗེས་སྔོགས།།
གནས་ལུགས་ལྟ་བའི་གདེང་ལྡན་ཀྱང་།།
གནང་བཀག་བླང་དོར་མ་ནོར་བར།།
བཟང་པོ་སྤྱོད་པས་འབྲེལ་ཚད་ཀུན།།
རྣམ་གྲོལ་ཐར་པའི་ལམ་དུ་ཁྲིད།།
ཧིན་དྷུ་ཡེ་ཤོས་ཁ་ཆེ་སོགས།།
ནང་དང་ཕྱི་རོལ་ལྷ་མིའི་ཆོས།།
གང་ལ་དག་སྣང་བསྐུར་སྟི་ཡིས།།
ཚུར་ལ་གཟེངས་རྟགས་ལེགས་སྐྱེས་ཕུལ།།
འཛམ་གླིང་སྤྱི་དང་སྒེར་གྱི་ཚོགས།།
འདས་ད་མ་འོངས་བསྟན་འགྲོའི་དོན།།
རིགས་དང་ཆོས་ཀྱི་མ་ཕྱེས་པར།།
དུས་སུ་དགའ་སྟོན་ཤིས་པ་བསྒྲུབས།།
མཐོང་གྲོལ་སྐུ་ནི་ཁྲིམས་ཀྱིས་བཙུན།།
ཐོས་གྲོལ་གསུང་ནི་ཀུན་ལ་མཁས།།
དྲན་གྲོལ་ཐུགས་ནི་བྱམས་པས་བཟང་།།
རེག་གྲོལ་སྐྱབས་༵གནས་འགྲོ་བའི་མགོན༵།།
དཀོན་༵མཆོག་༵རིན་ཆེན་དཔལ་གྱི་བསྟན༵།།
འཛིན་༵སྐྱོང་སྤེལ་ལ་ཟླ་མེད་པའི།།
ཀུན་ཏུ་༵བཟང༵་པོའི་ཕྲིན་༵ལས་༵ཀྱིས།།
དོན་གཉིས་ལྷུན་འ༵གྲུབ་༵ཡིད་བཞིན་ནོར།།
མི་གཞི་གསེར་གྱི་ལྷུན་པོ་ལ།།
ཡོན་ཏན་ངོམས་མེད་མཚོ་བཞིན་སྡུད།།
བསྙེན་ན་དཔལ་༵གྱི་བུམ་བཟང་༵བཞིན།།
རྣམ་གཉིས་དངོས་གྲུབ་ཡིད་བཞིན་འཇོ།།
མདོར་ན་ཐབས་མཁས་ཐུགས་རྗེ་ཡིས།།
ཤར་ནུབ་ཆོས་གཞི་འཛུགས་པ་སོགས།།
མགོ་ནག་སེར་གསུམ་འདུལ་བ་ལ།།
དུས་ཀྱི་སྟོན་པ་ཐུགས་རྗེ་ཅན།།
གླིང་ལྔ་མཚོ་བཞིའི་སྐལ་བཟང་འགྲོར།།
སྐད་གསུམ་ལྗགས་ཀྱི་དབང་པོ་ཡིས།།
ཐེག་གསུམ་འཇུག་སྒོ་སྐྱབས་སེམས་དབང་།།
རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར།།
རང་དོན་སྤྱོད་ལམ་རྣམ་པ་བཞིར།།
དག་བརྟན་སེམས་ཀྱི་གསང་བ་ཉུལ།།
གཞན་དོན་གྲུབ་མཐའ་འགལ་མེད་ཀྱིས།།
ནང་ཆོས་འཛམ་གླིང་ཅན་དུ་བསྒྱུར།།
དེ་སོགས་བགྲང་ཡས་ངོ་མཚར་བའི།།
སྤངས་རྟོགས་ཡོན་ཏན་རྒྱ་མཚོ་ལས།།
ཐུན་མོང་མཛད་རྣམ་ཆུ་ཐིགས་ཙམ།།
བརྗོད་ལ་བདག་ཀྱང་སྐལ་བ་བཟང་།།
འགལ་འཁྲུལ་མཁས་དགུ་ལ་འཆགས་ཤིང་།།
ལེགས་བྱས་སྤྲིན་གྱི་རོལ་མོའི་སྒྲ།།
ཟག་མེད་དགོངས་དབྱིངས་དང་འདྲེས་ཏེ།།
རྒྱལ་བསྟན་དར་རྒྱས་ཡུན་གནས་ཤོག།
ཅེས་མཚན་བཟང་སོ་གཉིས་གྲངས་ལྡན་གྱི་རྣམ་ཐར་རྟོགས་བརྗོད་ནོར་བུའི་འཁྲི་ཤིང་འདི་ནི་རྒྱལ་བ་འབྲི་གུང་པའི་སྐྱབས་མགོན་༧ ཆེ་ཚང་རྡོ་རྗེ་འཆང་དགུང་གྲངས་དོན་ལྔར་ཕེབས་པའི་འཁྲུངས་སྐར་ཆེད་རྩོམ་ཞིག་དགོས་པའི་བཀའ་མཆིད་ལ་བསྟེན་ཏེ་ཤར་མདོ་སྨད་རྫོང་ཆེན་རྣམ་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་གི་ཞིང་སྐྱོང་སྒྲུབ་ཕུག་ཏུ་སྒྲུབ་ལ་གཞོལ་ཁུལ་གྱི་ཐུན་བར་དུ་རབ་རྒྱན་ལྕགས་བྱི་སྣྲོན་ཟླའི་ཚེས་༢༨ཉིན་སྐྱོ་བྲག་དམ་ཆོས་ཟླ་བའམ་སྨྱུག་མིང་མཁན་དྷརྨས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།། ༢༠༢༠/༧/༡༨
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
ཆོས་བརྒྱུད་དྲ་བ།
རྩོམ་རིག་དྲ་བ།
དམ་ཆོས་དྲ་བ།
དཔེ་མཛོད་དྲ་བ།