བཀའ་བརྒྱུད་དྲ་བར་ཕེབས་བསུ་ཞུ།
   
གསུང་རབ།
བདུན་པ། སྟག་ལུང་བཀའ་བརྒྱུད།
རྩོམ་ཁུངས། | རྩོམ་པ་པོ།རྩིས་ཆེ་ལེགས་མཐོང་། | སྤེལ་དུས། 2020-11-05 | 843 བཀླགས་གྲངས། | 分享到:
སྟག་ལུང་ཐང་པ་བཀྲ་ཤིས་དཔལ་(1142-1210)ནི་ཁམས་སུ་འཁྲུངས། རྒྱ་གར་དུ་ཕེབས་བཞེད་ལན་མང་གནང་ཡང་ལམ་ལྷོང་མ་བྱུང་། ཕྱིས་སུ་ཕག་མོ་གྲུ་པའི་སློབ་མའི་གཙོ་བོ་གཅིག་ཏུ་གྱུར་ཏེ་ཕག་མོ་གྲུ་པའི་གདམས་པ་མང་ཤོས་ཐོབ་མཁན་དང་མོས་གུས་ཆེ་བའི་ཚད་དུ་གྲགས། ཕག་མོ་གྲུ་པས་ཀྱང་རང་དང་ངོ་བོ་གཅིག་པའི་ཞལ་བཞེས་གནང་བར་གྲགས།

ལེགས་མཐོང་གིས་བརྩམས།


སྟག་ལུང་ཐང་པ་བཀྲ་ཤིས་དཔལ་(1142-1210)ནི་ཁམས་སུ་འཁྲུངས། རྒྱ་གར་དུ་ཕེབས་བཞེད་ལན་མང་གནང་ཡང་ལམ་ལྷོང་མ་བྱུང་། ཕྱིས་སུ་ཕག་མོ་གྲུ་པའི་སློབ་མའི་གཙོ་བོ་གཅིག་ཏུ་གྱུར་ཏེ་ཕག་མོ་གྲུ་པའི་གདམས་པ་མང་ཤོས་ཐོབ་མཁན་དང་མོས་གུས་ཆེ་བའི་ཚད་དུ་གྲགས། ཕག་མོ་གྲུ་པས་ཀྱང་རང་དང་ངོ་བོ་གཅིག་པའི་ཞལ་བཞེས་གནང་བར་གྲགས། ཕག་མོ་གྲུ་པ་སྐུ་གཤེགས་རྗེས་ཀྱང་ཕག་གྲུའི་གདན་སར་གདུང་རྟེན་གཙུག་ལག་ཁང་བརྩིགས་པ་སོགས་ཀྱི་སྲི་ཞུ་དང་གཟིགས་རྟོག་མཛད། ཕག་མོ་གྲུ་པ་རང་གིས་ལུང་བསྟན་དང་ཞལ་བཀོད་གནང་བ་བཞིན་བོད་ལྗོངས་ལྷ་ས་ས་ཁུལ་གྱི་ལྷུན་གྲུབ་རྫོང་ཁུལ་དུ་སྤྱི་ལོ་༡༡༨༠ ལོར་སྟག་ལུང་གདན་ས་ཕྱག་བཏབ་པས་སློབ་མ་གྲྭ་པ་ལྔ་སྟོང་ཙམ་འདུས། སློབ་མའི་གཙོ་བོ་མང་པོས་རྒྱ་གར་དང་། རྒྱ་ནག བོད་བཅས་ས་ཆ་གང་སར་རང་རང་སོ་སོས་ཆོས་སྡེ་བཙུགས་ནས་གྲྭ་པ་ལྔ་བརྒྱ་ནས་སྟོང་ཕྲག་གཉིས་གསུམ་འདུས་པ་མང་པོ་བྱུང་ནས་སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་གྲྭ་པ་ཁྱོན་འབུམ་ཕྲག་ཙམ་ཡོད་པར་གསུངས། ཆོས་བརྒྱུད་འདིའི་དམིགས་བསལ་གྱི་ཉམས་ལེན་ནི་སྟག་ལུང་པའི་རྣམ་ཐར་སོ་དགུར་གྲགས་པ་རྣམས་ཡིན། སྟག་ལུང་ཐང་པའི་རྗེས་སུ་གདན་ས་འཛིན་པ་རིན་ཆེན་མགོན་པོས་ཀ་བ་བརྒྱད་ཅུ་ཅན་གྱི་གཙུག་ལག་ཁང་བཞེངས་པ་དང་། སྟག་ལུང་པའི་སྡེར་གཏོགས་པའི་དུད་ཚང་ཁྲི་སྐོར་ཙམ་བྱུང་བས་ལུགས་གཉིས་ཀྱི་རྨང་གཞི་ཚུགས། དེ་རྗེས་སངས་རྒྱས་ཡར་བྱོན་གྱིས་སྟག་ལུང་པའི་རྣམ་ཐར་བཅུ་གསུམ། གླིང་གི་འདུལ་ཁྲིམས་བཅུ་གསུམ། ཚོགས་ཀྱི་བཅའ་བ་བཅུ་གསུམ་གཞིར་བཞག་ཐོག་ལུགས་གཉིས་ཐམས་ཅད་ཆོས་དང་མཐུན་པ་དང་སྟག་ལུང་རང་གི་ཐུན་མོང་མ་ཡིན་པའི་རྣམ་པར་བསྐྱངས། འོན་ཀྱང་སངས་རྒྱས་ཡར་བྱོན་གྱིས་སྟག་ལུང་གི་གདན་ས་སུ་ལ་གནང་མིན་རྩོད་པ་བྱུང་སྟེ། སློབ་མ་སྟག་ལུང་མངྒལ་གུ་རུས་སྟག་ལུང་གི་གདན་ས་བསྐྱངས་ཤིང་། སློབ་མ་སངས་རྒྱས་དབོན་གྲགས་པ་དཔལ་ཁམས་སུ་ཕེབས་ནས་རི་བོ་ཆེའི་གདན་ས་བཏབ་སྟེ་སྟག་ལུང་གི་གདན་ས་ལ་ཡ་ཐང་དང་མ་ཐང་ཞེས་པ་གཉིས་སུ་གྱེས། གདན་ས་གཉིས་པོ་སོ་སོར་མཛད་ཕྲིན་ཆེ་ཞིང་སྤངས་རྟོགས་མཐོ་བའི་གདུང་བརྒྱུད་དང་སྤྲུལ་སྐུ་ཡིན་པ་གདན་རབས་རིམ་བྱོན་མང་པོ་བྱུང་། འགོས་ལོ་གཞོན་ནུ་དཔལ་གྱིས་ཀྱང་བོད་དུ་ཆོས་བརྒྱུད་འདྲ་མིན་དར་ནས་བཟུང་ད་ལྟའི་བར་ཉམས་ཆག་མ་སོང་བར་རྟག་ཏུ་དར་ཞིང་འཕེལ་བ་སྟག་ལུང་བཀའ་བརྒྱུད་ལྟ་བུ་མ་བྱུང་བར་གསུངས། ཐོག་མའི་ཆར་འབྲི་གུང་པ་དང་འགལ་ཟླ་ཆེ་ཆུང་སྣ་ཚོགས་པ་བྱུང་ཡང་ཕྱིས་སུ་ཕན་ཚུན་ཆོས་བརྒྱུད་ཙམ་མ་ཚད་གདུང་བརྒྱུད་ཀྱི་འབྲེལ་བ་ཡང་བྱུང་ནས་དམ་ཚིག་གཙང་མར་གྱུར། དགའ་ལྡན་ཕོ་བྲང་པའི་སྐབས་སུ་རྙིང་མའི་ཤུགས་རྐྱེན་ཆེ་ཙམ་ཐེབས་པ་དང་། བར་སྐབས་ནང་ཁུལ་མི་མཐུན་པ་ཅུང་ཟད་ལ་བརྟེན་ནས་དགོན་པ་གཞུང་བཞེས་བཏང་ནས་མཁན་པོ་སོགས་དགའ་ལྡན་ཕོ་བྲང་རང་གི་བསྐོ་བའི་སྲོལ་བྱུང་བ་དེས་གདན་སར་ཉམས་ཆགས་ཆེ་ཙམ་སོང་། དེ་ནས་ངག་དབང་ཕྲིན་ལས་བསྟན་འཛིན་གྱིས་ཉམས་གསོ་གནང་ཞིང་། ད་ལྟ་ཡང་སྟག་ལུང་ཞབས་དྲུང་དང་། སྟག་ལུང་མ་སྤྲུལ་ཀྱི་གདུང་བརྒྱུད་དང་སྤྲུལ་སྐུ་མུ་མཐུད་ཕེབས་པས་སྟག་ལུང་བཀའ་བརྒྱུད་རྒྱུན་མ་ཆད་པར་སྐྱོང་བཞིན་པའོ། །

བཀའ་བརྒྱུད་གསེར་ཕྲེང་།