རང་རྒྱལ་སྐོར་གྱི་དོགས་གནས་བརྗོད་པ་ལུང་རིགས་ཀྱི་གླིང་བུ་ཞེས་བྱ་བ་བཞུགས་སོ། །
རྩོམ་པ་པོ། བླང་དོར་བ།
ཡང་དག་པའི་ཤེས་རབ་ལ་གུས་པས་འདུད་དོ། །
རང་རྒྱལ་གྱི་སྐོར་འདི་རྒྱ་ཆེར་བཤད་པ་ཞིག་ཅུང་ཉུང་བས་དེའི་སྐོར་ནས་དོགས་གནས་ཅུང་ཟད་རེ་བརྗོད་པར་བྱའོ། །
སྤྱིར་བདག་ལྟ་བུའི་ཤེས་རབ་དམན་ལ་སློབ་སྦྱོང་ཞན་པའི་སྐྱེ་བོ་ཞིག་གིས་ཟབ་མོའི་དོན་གྱི་དཀའ་གནད་བཤད་མི་ཐུབ་ནའང་གཞན་བརྟེན་ཁོ་ནར་རེ་བའི་སློབ་སྦྱོང་དེེས་གང་ཡང་མི་ཡོང་ཞེས་བསྐུལ་མ་ཞུ་བྱེད་དུ་སྐབས་འདིར་ལུང་འདྲེན་ཞེ་ལྔ་ལྷག་ཙམ་གྱིས་རྒྱན་ཏེ་དོགས་གནས་འགའ་ཞིག་འབྲི་བར་བྱའོ། །འབྲི་དགོས་པའི་རྒྱུ་མཚན་གཞན་ཡང་ཡོད་དེ། དེང་གི་སྐྱེ་བོ་ཕལ་ཆེ་བས་འདི་དག་གལ་གནད་ཆུང་བར་མཛད་ཅིང་བཞུགས་པ་དང་ས་སྡེའི་རང་སར་ཡང་མདོར་བསྡུས་ཙམ་ལས་ཞིབ་པར་མི་འབྱུང་བས་སོ། །དེ་ཡང་གྲུབ་ཆེན་ཀརྨ་པཀྵིའི་མདོ་སྡེ་རྒྱ་མཚོ་མཐའ་ཡས་ལས། རང་རྒྱལ་གྱི་ཐེག་པ་འདི་མདོ་སྡེ་འདུལ་བ་གཉིས་ཀ་གཏོགས་པའི་ཕྱིར་ན་ཚུལ་ཁྲིམས་འཆལ་བ་ཚར་བཅད་པའི་མདོ་སྡེ་ཡིས་སྡེ་སྣོད་གསུམ་ཀ་སོ་སོར་འབྱེད་པ་སྟེ། དེ་ལ་ལྟ་རྟོགས་མང་དུ་བྱས་ན་སྡེ་སྣོད་གསུམ་གྱི་ས་མཚམས་གོ་བར་ངེས། ཞེས་གསུངས་སོ། །དེང་དུས་ཀྱི་བདག་ཅག་ནི་རང་རྒྱལ་གྱི་གྲུབ་མཐའ་བཤད་སྐབས་སྡེ་སྣོད་གསུམ་གྱི་ས་མཚམས་ལེགས་པར་ཤེས་པ་ནི་ག་ལ་སྟེ་ཐེག་པ་གསུམ་དང་གྲུབ་མཐའ་བཞི་ཡོད་པའི་རྣམ་བཞག་ཀྱང་བརྗེད་ནས་ཡོད་པ་ལྟར་སྣང་སྟེ། ཐེག་འབྲིང་གི་གྲུབ་མཐའ་སྨྲ་བ་གང་ཡིན་བརྗོད་མ་ཤེེས་པར་གནས་པ་ལྟར་སྣང་བས་སོ། །འཕགས་བོད་ཀྱི་མཁས་པ་ཕལ་ཆེ་བས་འདི་ཉིད་བྱེ་སྨྲ་དང་སེམས་ཙམ་སྟེ་ཐེག་དམན་དང་ཐེག་ཆེན་ལ་སྦྱར་བ་མང་ནའང་བདག་གི་བླ་མ་རྗེ་བཙུན་ཆེན་པོ་ཀརྨ་འཕྲིན་ལས་པ་དང་ཡང་མེས་སློབ་དཔོན་གཉིས་མེད་རྡོ་རྗེ་སོགས་ཀྱིས་ནི་ཐེག་འབྲིང་ལ་སྦྱར་ཞིང་གཏན་ལ་ཕབ་པར་མངོན་པས་ཁོ་བོས་ནི་དེ་ལྟར་སྨྲ་ཞེས་འོག་ནས་རྒྱས་པར་འབྱུང་ངོ་། །དེ་ཡང་ཡབ་རྗེ་ཀརྨ་འཕྲིན་ལས་པ་ཆེན་པོའི་ཞལ་སྔ་ནས་ཀྱི་ཉིན་བྱེད་འོད་འཕྲེང་ལས། གཉིས་པ་ནི། རང་རྒྱལ་སོགས་རྐང་པ་གཉིས་ཏེ། ཐེག་པ་འབྲིང་པོའི་ལམ་ལ་བརྟེན་ནས་སངས་རྒྱས་དང་ཉན་ཐོས་མེད་པའི་ས་ཕྱོགས་སུ་སྲིད་པ་ཐ་མ་པའི་ཚེ་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལ་མ་ལྟོས་པར་རང་གི་བྱང་ཆུབ་མངོན་དུ་བྱས་པས་ན་རང་རྒྱལ་ཏེ། ཞེས་སོ། །འདི་ལ་རང་རྒྱལ་གྱི་དབྱེ་བའི་སྐོར་ནས་བཤད་པ་དང་། ཚོགས་བསགས་ཚུལ་དང་ལམ་བགྲོད་ཚུལ་གྱི་སྐོར་ནས་བཤད་པ་དང་། སྤང་རྟོགས་ཀྱི་སྐོར་ནས་དང་། ཆོས་སྟོན་ཚུལ་གྱི་སྒོ་ནས་ཏེ་བཞིའོ། །དང་པོ་དབྱེ་བའི་སྐོར་ནས་བཤད་པ་ལ། སྤྱིར་གྲགས་པ་ལྟར་ན་རང་རྒྱལ་ལ་རྣམ་པ་གསུམ་སྟེ་བསེ་རུ་ལྟ་བུ་གཅིག་དང་འདྲེན་པ་ནེ་ཙོ་ལྟ་བུའི་ཚོགས་སྤྱོད་པ་ལ་ཆེ་ཆུང་གཉིས་ཏེ་གསུམ་བཤད་ཅིང་། དེའང་བོད་ཀྱི་མཁས་པའི་བཤད་རྒྱུན་དུ་ཡོངས་སུ་གྲགས་པས་བཤད་ལུགས་དེ་དག་འབྲི་དགོས་དོན་མི་འདུག་གོ །དེ་ལྟར་ན་དབྱེ་བའི་ཚུལ་འདི་ལྟར་རྒྱ་གཞུང་གི་བཀའ་བསྟན་ལས་ཇི་ལྟར་འབྱུང་བའི་ཚུལ་རྣམས་བཤད་པར་བྱ། སྡེ་བསྟན"སེམས་ཙམ"ཞི"༡༨༨ བསྡུ་བར། དེ་ལ་རང་སངས་རྒྱས་ཀྱི་ཐེག་པ་འཐོབ་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཐོབ་པ་སྔོན་དུ་བཏང་བ་དང་། རྟོགས་པ་སྔོན་དུ་བཏང་བ་དང་། སྔོན་དུ་མ་བཏང་བའོ། །དེ་ལ་འཐོབ་པ་དང་པོ་གཉིས་ཀྱིས་ནི་རང་རྒྱལ་བ་རྣམས་སུ་འགྱུར་རོ། །ཐ་མས་ནི་བསེ་རུ་ལྟ་བུར་འགྱུར་རོ། །ཞེས་རང་རྒྱལ་ལ་གསུམ་བཤད་དོ། །བུ་སྟོན་གྱིས་མངོན་པ་ཀུན་བཏུས་གྱི་འགྲེལ་བར་ཚོགས་སྤྱོད་ལ་ཆེ་ཆུང་གཉིས་བཤད་པ་འདི་བོད་རྣམས་ཀྱི་བཞེད་པ་ཙམ་ཞིག་ཡིན་པ་ལྟ་བུར་ཞིག་བཤད་འདུག་ནའང་དེ་ཙམ་ཞིག་མིན་པར་རྒྱ་གཞུང་དག་ལས་ཀྱང་གསལ་བར་འབྱུང་བ་འདྲའོ། །སྡེ་བསྟན"མདོ་སྡེ"པི"༢༤༡ ལང་ཀར་གཤེགས་པའི་འགྲེལ་བ་རྒྱ་ནག་མར། དེ་ལྟར་བདེན་པས་རང་སངས་རྒྱས་དང་ལྷན་ཅིག་འཕགས་པའི་གང་ཟག་དགུ་རུ་འགྱུར་ལ། དེ་ཡང་བསྡུ་ན་རྣམ་པ་བདུན་ཏེ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྒྱན་དང་བཅས་པ་དང་། རྒྱན་མེད་པ་དང་། རང་སངས་རྒྱས་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པའོ། །འདིར་བདུན་པ་ཞེས་པ་ནི་དེ་དག་སྤྱིར་བསྟན་པ་ཡིན་གྱི། སྔ་མ་ལྟར་གྲངས་ཀྱི་གནས་འཛིན་པའི་ཚིག་ཏུ་སྦྱར་བ་མ་ཡིན་ནོ། །དེ་འདྲ་བའི་བདུན་པོ་པ་ཡང་ཚོགས་ན་སྤྱོད་པ་ལ་དབང་པོ་འབྲིང་དང་རྟུལ་པོ་གཉིས་སུ་ཕྱེ་བས་བརྒྱད་དུ་འགྱུར་བའོ། །ཞེས་ཚོགས་སྤྱོད་ལ་གཉིས་སུ་བཤད་དོ། །འོ་ན་མདོ་ལ་དབྱེ་བ་ཇི་ལྟར་བཤད་སྙམ་ན། སྡེ་བཀའ"མདོ་སྡེ"ས"༡༧༠ མི་རྟག་པ་ཉིད་ཀྱི་མདོའམ་འདུས་བྱས་མི་རྟག་པའི་མདོ་ཞེས་པ་ལས། གང་ཡང་རང་སངས་རྒྱས་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་བདག་ཉིད་གཅིག་པུ་འདུལ་བར་བྱེད་ཅིང་བདག་ཉིད་ཞི་བར་བྱེད་ལ། ཞེས་སོགས་གསུངས་པའོ། །རྟོགས་དཀའ་བའི་གནས་འདི་དག་སྟོན་པའི་གཞུང་ལས་བྱུང་བ་ཤ་སྟག་ཡིན་པས་སྟོན་པའི་བཀར་གཞི་འཛིན་ཐུབ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས། མཆན། སྤྱིར་དབྱེ་བ་གསུམ་ལས་མ་བཤད་ཀྱང་འཇམ་དཔལ་མཚན་བརྗོད་རྩ་འགྲེལ་དང་བཅས་པས་བཞིར་བཤད་པ་དེ་ལ་དཔྱད་དགོས་པའི་གནས་ཡིན་ནོ་སྙམ། སྡེ་བསྟན"རྒྱུད"ཕ"༢༡༡ རྒྱལ་པོ་པདྨ་དཀར་པོས་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་དྲི་མ་མེད་པའི་འོད་ལས། རང་རྒྱལ་ནི། འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་པས་རང་རྒྱལ་བ་ནི་སྔོན་དུ་བསྐལ་པ་མང་པོར་ཚོགས་བསགས་ནས། འཁོར་བའི་སྐྱོན་ལ་བསམས་ནས་སློབ་དཔོན་མེད་པའི་ས་ཕྱོགས་སུ་སངས་རྒྱས་པར་སྨོན་ལམ་བཏབ་ནས་དེར་སྐྱེས་པས་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམས་པས་རང་རྒྱལ་བར་གྱུར་པའོ། །དེ་ལ་འདྲེན་པ་ནི་ནེ་ཙོ་ལྟར་ཁྱུང་ལྡིང་བའི་རང་རྒྱལ་ལོ། །བསེ་རུའི་ཚུལ་ནི་གཅིག་པུར་གནས་པའི་རང་རྒྱལ་བའོ། །དེ་གང་གི་དབང་གིས་ན་ངེས་འབྱུང་ཞེས་པ་སྔར་འཁོར་བ་ལས་བློ་ལོག་པའོ། །སྣ་ཚོགས་པ་ནི་སྔར་ཚོགས་བསགས་པས་སོ། །ལས་འབྱུང་བ་ནི་དེའི་འབྲས་བུའོ། །འབྱུང་བ་ཆེན་པོ་ནི་རང་རྒྱལ་བའི་བྱང་ཆུབ་བོ། །རྒྱུ་གཅིག་པོ་ནི་རྒྱུ་དཀར་པོ་དང་ནག་པོ་འདྲེས་པ་མ་ངེས་པས་དགེ་བའི་ལས་ཁོ་ན་ལས་གྲུབ་པའོ། །ཞེས་གསུངས་པས་སྣ་ཚོགས་པའི་རང་རྒྱལ་འདི་ལ་འཆད་ཚུལ་མི་འདྲ་བ་འདུག་ནའང་ཁོ་བོས་བསམ་ན་འདི་ལྟར་འཇོག་པ་ལ་སྐྱོན་མེད་པར་སེམས་པས་བཀའ་བསྟན་དྲི་མ་མེད་པའི་ཁུངས་དང་བཅས་དཔྱད་པར་ཞུའོ། །ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་གྲུབ་དཔྱིད་དུ། མདོར་ན་ཚོགས་སྤྱོད་ཐ་མ་ནི་མཐར་ཕྱིན་པའི་ལམ་བུདྡྷ་ལ་མི་བསྟེན་ལ། སྒོམ་ལམ་མན་ཆོད་བསྟེན། འབྲིང་ནི་སྒོམ་ལམ་དང་མཐར་ཕྱིན་མི་བསྟེན། ཚོགས་སྦྱོར་མཐོང་གསུམ་བསྟེན། ཚོགས་སྤྱོད་ཆེན་པོ་ནི་མཐོང་སྒོམ་མཐར་ཕྱིན་གསུམ་མི་བསྟེན། ཚོགས་སྦྱོར་བསྟེན། བསེ་རུ་ལྟ་བུ་ནི་ཚོགས་ལམ་བསྟན་གྱི་སྦྱོར་ལམ་ཡན་ཆད་མི་བསྟེན་ཏོ། །ཞེས་ཚོགས་སྤྱོད་ལ་ལམ་བསྟེན་ཚུལ་གྱི་སྒོ་ནས་ཆེ་འབྲིང་ཆུང་གསུམ་དུ་བཤད་འདུག་ནའང་དེ་ལྟར་བཤད་པ་ལ་བདག་གིས་ནི་བཀའ་བསྟན་དྲི་མ་མེད་པའི་ཁུངས་གང་ཡང་མ་རྙེད་ལ་མེད་ནའང་ཅི་ཤེས་སྙམ་པ་ཞིག་བྱུང་བ་དང་ཀརྨ་པས་གསུངས་བའི་ཕྱིར་ཞེས་པ་ཙམ་གྱིས་གྲུབ་དཀའ་བས་སྒྲུབ་བྱེད་ཚད་ལྡན་དང་བཅས་པའི་ཐོག་ནས་དཔྱད་པར་ཞུའོ། །དབྱེ་བའི་སྐབས་འདིར་བདག་གི་རང་ལུགས་ལ་མཚན་བརྗོད་ཀྱི་འགྲེལ་བྱེད་དག་ལས་བཤད་པ་བཞིན་དུ་བཞག་ནའང་འགྲིག་གམ་སྙམ་པ་ཞིག་བྱུང་།
ཡང་ཡང་བསམ་པས་དཔྱད་པའི་གྲུབ་དོན་ཏེ། །
དོགས་གཞིའི་སྡེ་ཚན་ལེགས་པ་བཀོད་པ་འདི། །
དཔྱོད་འདོད་ཆུང་ལ་ཕན་པར་དཀའ་མོད་ཀྱང་། །
དཔྱོད་ལྡན་དཔྱད་པའི་གཞི་རུ་ཨེ་མ་རྨད། །
ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་དོ། །
གཉིས་པ་ཚོགས་བསགས་ཚུལ་དང་ལམ་བགྲོད་ཚུལ་གྱི་སྐོར་ནས་བཤད་པ་ལ། བོད་གང་དག་གིས་བསེ་རུ་ལྟ་བུ་ལ་ཚོགས་བསགས་ཚུལ་དམིགས་བསལ་བ་ཞིག་བྱུང་བ་ལས་ཚོགས་སྤྱོད་པ་ལ་བཤད་པ་མ་བྱུང་ཞེས་བཤད་པའང་ཡོད། བུ་ལྟར་ན་ལུང་སྙེ་ལས་སྔ་མར་བསྐལ་པ་བརྒྱར་བཞག་ཅིང་བར་མ་ལ་སུམ་ཆ་གཉིས་དང་གསུམ་པ་ལ་སུམ་ཆ་གཅིག་ཙམ་བཞག ཀུན་བཏུས་ཀྱི་འགྲེལ་བར་ངེས་མེད་དུ་གསུངས་པས་ཇི་ལྟར་ཡིན་མ་ཤེས། རྗེ་མི་བསྐྱོད་པའི་ངལ་གསོ་ལས་ཚོགས་བསགས་ཚུལ་སྐོར་གྱི་ཚིག་གསལ་པོ་མེད་ཅིང་། སྐུ་གསུམ་ངོ་སྤྲོད་ལས། རང་རྒྱལ་ལའང་བསེ་རུ་ལྟ་བུ་དང་ཚོགས་སྤྱོད་ཆེ་ཆུང་ནི་བསོད་ནམས་ཀྱི་ཚོགས་བསགས་ཡུན་རིང་ཐུང་གི་ཁྱད་པར་ལས་ཡིན་ནོ། །ཞེས་དང་། དགོངས་གཅིག་ཚོམས་དང་པོའི་གཞན་འགྲེལ་གྱི་སྐབས་སུ་མཆན་ཞིག་ལ། རང་རྒྱལ་བསེ་རུ་ལྟ་བུ་ལ་བསྐལ་པ་བརྒྱ་དང་། ཚོགས་སྦྱོར་ཆེན་པོས་བསྐལ་པ་ལྔ་བཅུ། ཆུང་ངུས་ཉི་ཤུ་ཞེས་སྦྱོར། ཞེས་གསུངས་པ་སོགས་འདུག་ཀྱང་ཚོགས་སྤྱོད་རིགས་ངེས་ནི་བསེ་རུ་ལྟ་བུ་ཡིན་པར་ཐོག་མེད་ཀྱིས་གསུངས་འདུག་གམ་སྙམ་པ་ཞིག་བྱུང་སྟེ། སྡེ་བསྟན"སེམས་ཙམ"ཚི"༢༨༠ རྣལ་འབྱོར་སྤྱོད་པའི་སའི་དངོས་གཞི་ལས། དེ་ལ་ཡང་དག་པར་འགྲུབ་པ་ནི་འདི་ལྟར་འདི་ན་ལ་ལ་རང་སངས་རྒྱས་ཀྱི་ལས་དང་པོས་བསྐལ་པ་བརྒྱ་ཚང་བར་ཚོགས་བསགས་ནས་བསྐལ་པ་བརྒྱ་འདས་པའི་འོག་ཏུ་སངས་རྒྱས་རྣམས་འབྱུང་བ་མེད་པ་ན་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས་རང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཉོན་མོངས་པ་ཐམས་ཅད་སྤོང་བའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དོ། །འདི་ལྟར་འདི་ན་ལ་ལ་རང་སངས་རྒྱས་ཀྱི་ལམ་གཉིས་པ་དང་། གསུམ་པས་རྒྱུ་དེ་དང་རྐྱེན་དེས་སངས་རྒྱས་རྣམས་འབྱུང་བ་མེད་པ་ཁོ་ནའི་ཚེ་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས་ཆོས་མངོན་པར་རྟོགས་པར་བྱེད་ཅིང་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཡང་ཐོབ་པར་འགྱུར་རོ། །ཞེས་ཕྱི་མ་གཉིས་ལའང་སྔ་མ་བཞིན་དུ་རྒྱུ་བསྐལ་བརྒྱར་ཚོགས་བསགས་པ་དང་རྐྱེན་སྨོན་ལམ་སོགས་གཅིག་པར་བཤད་པའི་ཕྱིར་ཏེ། རྒྱུ་དེ་དང་རྐྱེན་དེས་ཞེས་པའི་དོན་གྲུབ་བའི་ཕྱིར་རོ། །དེ་ཙམ་དུ་མ་ཟད་ཀརྨའི་ཤིང་རྟ་ལས། གཉིས་པ་ཚོགས་ན་སྤྱོད་པ་ལ་གཉིས་ཏེ། ཆུང་ངུ་དང་། ཆེན་པོའོ། །དང་པོ་ནི། རང་རྒྱལ་ཚོགས་སྤྱོད་ཅེས་པ་ནེ་ཙོ་ཁྱུང་ལྡིང་བ་ལ་བཤད་པའི་ཕྱིར་ཟླ་གྲོགས་དང་བཅས་ཏེ་སྒོམ་པ་གཞིར་བྱས་ནས་བསྐལ་ཆེན་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བགྱིས་པས་ཚོགས་བསགས་ཤིང་། སྲིད་པ་ཐ་མའི་ཚེ་མཁས་བྱའི་གནས་དྲུག་ལ་མཁས་པར་བྱས་ཏེ་བཟོད་འབྲིང་མན་བསྐྱེད། ཞེས་སོགས་ཆེན་པོ་ལའང་ཚོགས་བརྒྱར་བསགས་ཞེས་གསུངས་པ་དང་། ཤེས་བྱ་ཀུན་ཁྱབ་ལས། རང་རྒྱལ་ཚོགས་སྤྱོད་ཅེས་ནི་ནེ་ཙོ་ཁྱུང་ལྡིང་བ་ལ་བཤད་པའི་ཕྱིར་ཟླ་གྲོགས་དང་བཅས་ཏེ་སྒོམ་པ་གཞིར་བྱས་ནས། ཚོགས་སྤྱོད་ཆུང་ངུ་ཚོགས་བསགས་སྔར་དང་འདྲ་བ་ལས། ཞེས་སོགས་གསུངས་པ་དེའི་ཕྱིར་ན་ཁོ་བོས་ནི་ཚོགས་བསགས་ཚུལ་ལ་མང་ཉུང་གི་ཁྱད་པར་མི་འདུག་སྙམ་ཡང་ལུང་རིགས་དང་བཅས་དཔྱད་དགོས། དེ་བཞིན་ལམ་བགྲོད་ཚུལ་ལ་བསེ་རུ་ལྟ་བུས་ཚོགས་ལམ་མན་ཆད་བསྐྱེད་ནས་ཚོགས་བསགས་ཏེ་སྐྱེ་བ་གཅིག་ཐོག་གི་ཚེ་མཁས་བྱའི་གནས་དྲུག་ལ་སོགས་ལ་མཁས་པར་བྱས་ནས་སྨོན་ལམ་སོགས་ཀྱིས་མཚམས་སྦྱར་བའི་སྒོ་ནས་སྲིད་པ་ཐ་མའི་ཚེ་ལམ་གཞན་རྣམས་སྐྱེ་བ་དེའི་ཐོག་ནས་མངོན་དུ་བྱེད་པ་དང་། ཚོགས་སྤྱོད་ཆེན་པོས་བཟོད་པ་མན་ཆད་དུ་ཚོགས་བསགས་ཏེ་སྐྱེ་བ་གཅིག་ཐོག་གི་ཚེ་གོང་ལྟར་བྱས་ནས་སྲིད་པ་ཐ་མའི་སྐྱེ་བ་དེའི་ཐོག་ཏུ་ལམ་ཕྱི་མ་རྣམས་མངོན་དུ་བྱེད་པ་དང་། ཚོགས་སྤྱོད་ཆུང་ངུས་ཀྱང་མཐོང་ལམ་མན་ཆད་དུ་ཚོགས་བསགས་ནས་ཕྱི་མ་རྣམས་བགྲེ་བ་བོད་རྣམས་གྲགས་སོ། །མི་བསྐྱོད་པས་མཐོང་ལམ་མན་དུ་ཚོགས་བསགས་པ་ནི་ཚོགས་སྤྱོད་འབྲིང་དང་སྒོམ་ལམ་མན་དུ་ཚོགས་བསགས་པ་ཆུང་ངུ་ཞེས་བཤད་པ་འདུག་ནའང་ཁུངས་ལེགས་པ་ཞིག་མ་རྙེད་པས་དཔྱད་པའི་གནས་ཁོ་ནའོ། །མ་ཟད་བོད་ཀྱི་མཁས་པ་རྣམས་ལ་གྲགས་པའི་སྐད་དེའང་དཔྱད་པའི་གནས་སུ་འདུག་སྟེ། བསེ་རུ་ལྟ་བུ་ལ་དེ་ལྟར་བཤད་པའི་རྒྱ་འགྲེལ་འདུག་ནའང་ཚོགས་སྤྱོད་གཉིས་ལ་དེ་ལྟར་བཤད་པ་ཞིག་འདུག་གམ་དཔྱད་དགོས་པ་མིན་ནམ། འགའ་ཞིག་ཀུན་བཏུས་དང་རྣལ་འབྱོར་སྤྱོད་པའི་ས་ལས་བཤད་དོ་ཞེས་ལུང་རྫུན་འགའ་འདྲེན་པ་འདུག་ཀྱང་ཡིད་རྟོན་གང་ཡང་བྱར་མི་འོས། ཀུན་བཏུས་དང་རྣལ་འབྱོར་སྤྱོད་པའི་ས་ལས་འབྱུང་བ་ནི་འདི་ལྟ་སྟེ། སྡེ་བསྟན"སེམས་ཙམ"ཚི"༢༧༩ རྣལ་འབྱོར་སྤྱོད་པའི་སའི་དངོས་གཞི་ལས། དེ་ལྟར་རང་སངས་རྒྱས་ཀྱི་ལམ་ཡང་མཚན་ཉིད་གསུམ་དུ་རིག་པར་བྱ་སྟེ། འདི་ལྟར་འདི་ན་ལ་ལ་རང་སངས་རྒྱས་ཀྱི་རིགས་ལ་གནས་ལ། བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱེད་དེ། དེར་ཡང་འདི་ལྟ་སྟེ། རང་བྱང་ཆུབ་ཏུ་རྒྱུད་ཡོངས་སུ་སྨིན་པར་བྱེད་ཅིང་། འདི་ལྟར་ཕྱིས་རང་བྱང་ཆུབ་པར་བྱ་བའི་ཕྱིར། ཕུང་པོ་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། བདེན་པ་ལ་མཁས་པར་བྱེད་དེ། དེ་ནི་རང་སངས་རྒྱས་ཀྱི་ལམ་དང་པོའོ། །གཞན་ཡང་འདི་ན་ལ་ལ་སངས་རྒྱས་འབྱུང་བ་མཉེས་པར་བྱས་ནས། སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྔོན་མ་བསྐྱེད་པ་འདི་ལྟ་སྟེ། དྲོ་བར་གྱུར་པ་དང་རྩེ་མོ་དང་བཟོད་པ་རྣམས་བསྐྱེད་ཅིང་མངོན་པར་བསྒྲུབ་ལ་ཚེ་དེ་ཉིད་ལ་ཆོས་མངོན་པར་རྟོགས་པར་བྱས་པའམ། དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱེད་ནི་མི་ནུས་ཏེ། འདི་ལྟར་ཕྱིས་མངོན་པར་རྟོགས་པར་བྱ་བ་དང་། དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཕུང་པོ་ལ་མཁས་པ་དང་སྐྱེ་མཆེད་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། བདེན་པ་ལ་མཁས་པ་ཡིན་ཏེ། དེ་ནི་རང་སངས་རྒྱས་ཀྱི་ལམ་གཉིས་པའོ། །གཞན་ཡང་འདི་ན་ལ་ལ་སངས་རྒྱས་འབྱུང་བ་མཉེས་པར་བྱས་ནས་སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་བརྟེན་ནས་ཆོས་མངོན་པར་རྟོགས་པར་བྱེད་ཅིང་དགེ་སྦྱོང་གི་འབྲས་བུ་འཐོབ་པར་འགྱུར་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ཤིན་ཏུ་མཐར་ཕྱིན་པ་དང་། ཤིན་ཏུ་དྲི་མ་མེད་པ་དང་ཤིན་ཏུ་ཚངས་པར་སྤྱོད་པའི་མཐར་གྱུར་པའི་དགྲ་བཅོམ་པ་ཉིད་ཐོབ་པར་ནི་མི་ནུས་ཏེ། འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཕྱིས་ཤིན་ཏུ་མཐར་ཕྱིན་པ་དང་། ཤིན་ཏུ་དྲི་མ་མེད་པ་དང་ཤིན་ཏུ་ཚངས་པར་སྤྱོད་པའི་མཐར་གྱུར་པའི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཕུང་པོ་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། བདེན་པ་ལ་མཁས་པ་ཡིན་ཏེ། དེ་ནི་རང་སངས་རྒྱས་ཀྱི་ལམ་གསུམ་པའོ། །ཞེས་དང་། སྡེ་བསྟན"སེམས་ཙམ"རི"༡༠༦ ཀུན་ལས་བཏུས་ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་བསྐྱེད་པའམ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་བསྐྱེད་པ། སྔོན་འབྲས་བུ་མ་ཐོབ་པའམ། སྔོན་འབྲས་བུ་ཐོབ་པའམ། གང་ཡང་རུང་སྟེ། སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ཀྱིས་ལམ་མངོན་དུ་བྱས་ནས། བསེ་རུ་ལྟ་བུར་གྱུར་ཏེ། གཅིག་པུ་གནས་པའམ། རང་རྒྱལ་བར་གྱུར་ཏེ། ཚོགས་དང་སྤྱོད་པ་གང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །ཞེས་གསུངས་པ་འདི་ཙམ་ལས་ངེས་པ་ཅན་ཁྱེད་ཅག་གིས་བཤད་པ་དེ་འདྲ་བ་ཞིག་གང་དུ་འདུག་ཅེས་ཞུ། དོན་ཐོབ་ལས་གོ་ཐུབ་ཞེ་ན། དོན་ཐོབ་ལས་དེ་ལྟར་གོ་ཚུལ་ཞིག་ཡོད་མེད་ལ་ཤིན་ཏུ་དོགས་ཏེ། ཚོགས་སྤྱོད་ཆེན་པོས་སྦྱོར་ལམ་མན་ཆད་དུ་ཚོགས་བསགས་ཏེ་སྐྱེ་བ་གཅིག་ཐོག་གི་ཚེ་མཐོང་བསྒོམ་མངོན་དུ་བྱས་ནས་མཁས་བྱའི་གནས་སོགས་ལ་མཁས་པར་བྱས་པའི་སྒོ་ནས་ཚེ་ཡོངས་སུ་བརྗེས་ནས་ནི་མི་སློབ་ལ་སོགས་ལམ་ཕྱི་མ་རྣམས་མངོན་དུ་བྱེད་པའི་ཚུལ་དེ་འདྲ་བ་ཞིག་འབྱུང་འདུག་སྙམ་པ་བྱུང་སྟེ། ཁྱེད་ཅག་གིས་བཤད་པ་ལྟར་ན་ཚོགས་སྤྱོད་ཆེན་པོས་བཟོད་པ་མན་དུ་མཁས་བྱའི་གནས་སོགས་ལ་མཁས་པར་བྱེད་ཚུལ་ཞིག་བཤད་དགོས་པ་ལ་རྣལ་འབྱོར་སྤྱོད་པའི་སར་བལྟས་པས་ཚོགས་སྤྱོད་ཆེན་པོས་མཐོང་བསྒོམ་སོགས་མངོན་དུ་བྱེད་དུས་དེར་དེ་དག་ལ་མཁས་པར་བྱེད་ཚུལ་ཞིག་བཤད་པ་གང་ཞིག སྡེ་བསྟན"ཤེར་ཕྱིན"མ"༢༤ བི་མ་ལ་མི་ཏྲས་བདུན་རྒྱ་པའི་རྒྱ་ཆེར་འགྲེལ་ལས། རང་སངས་རྒྱས་ནི་རྣམ་པ་གཉིས་ཏེ། བསེ་རུ་ལྟ་བུ་དང་། ཚོགས་དང་སྤྱོད་པའོ། །དེ་ལ་བསེ་རུ་ལྟ་བུ་ནི་སྐྱེས་བུ་དམ་པ་ལ་བརྟེན་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་མི་སྐྱེད་པའོ། །ཚེ་ཡོངས་སུ་བརྗེས་ནས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། འཕགས་པའི་ལམ་སྐྱེད་པར་བྱེད་ཅིང་དགེ་སྦྱོང་གི་འབྲས་བུ་དང་ཤིན་ཏུ་མཐར་ཐུག་པའི་རང་བྱང་ཆུབ་སྒྲུབ་པར་བྱེད་དོ། །ཚོགས་དང་སྤྱོད་པ་ཡང་རྣམ་པ་གཉིས་ཏེ། ཁ་ཅིག་ནི་སྐྱེས་བུ་དམ་པ་ལ་བསྟེན་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་སྐྱེད་པར་བྱེད་ཀྱི། དགེ་སྦྱོང་གི་འབྲས་བུ་དང་འཕགས་པའི་ལམ་ནི་མི་སྐྱེད་དོ། །ཚེ་ཡོངས་སུ་བརྗེས་ནས་ནི་འཕགས་པའི་ལམ་བསྐྱེད་ནས་ཤིན་ཏུ་མཐར་ཕྱིན་པའི་རང་བྱང་ཆུབ་མངོན་སུམ་དུ་མི་བྱེད་དོ། །གཞན་དག་ནི་སྐྱེས་བུ་དམ་པ་ལ་བརྟེན་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་སྐྱེད། འཕགས་པའི་ལམ་ཡང་སྐྱེད་པར་བྱེད་ཀྱི་ཤིན་ཏུ་མཐར་ཕྱིན་པའི་མཚན་ཉིད་རང་བྱང་ཆུབ་ནི་མངོན་སུམ་དུ་མི་བྱེད་དོ། །ཚེ་ཡོངས་སུ་བརྗེས་ནས་ནི་རང་བྱང་ཆུབ་དེ་ཐོབ་པར་བྱེད་དོ། །རྣམ་པ་དེ་དག་གསུམ་ཆར་ཡང་ལུང་ལས་གཅིག་ཏུ་ང་རྒྱལ་ལ་སྤྱོད་པ་ཡིན་པར་བཞག་སྟེ། ང་རྒྱལ་ཆེན་པོ་དང་འབྲིང་དང་ཆུང་ངུ་ཡིན་པའི་ཕྱིར། བསེ་རུ་ལྟ་བུ་ལ་སོགས་པར་དབྱེའོ། །དེ་དག་གི་ཆོས་ནི་རང་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་དུ་ཡང་ཕན་ཚུན་ལྟོས་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་པའི་ཆོས་དེ་ཤིན་ཏུ་རབ་ཏུ་བདག་ལ་སོགས་པར་བརྗོད་པར་རུང་བའི་ཆོས་ཅན་དེ་མི་དམིགས་ཤིང་དམིགས་སུ་མེད་པ་ཡིན་ནོ། །དེ་ལྟར་གང་ཟག་ལ་བདག་མེད་པ་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡིན་ནོ། །ཞེས་གསུངས་པ་འདི་ནི་ཤིན་ཏུ་ལེགས་པའི་ལེགས་བཤད་ཡིན་པའི་ཕྱིར་རོ། །ཁོ་བོས་ནི་བོད་རྣམས་ཀྱི་ཚོགས་སྤྱོད་རྣམས་ཀྱི་ལམ་བགྲོད་ཚུལ་གང་བཤད་པ་དེ་དག་བཀའ་བསྟན་གྱི་ལུང་ཁུངས་གང་ཡོད་པ་མ་མཐོང་བས་བི་མ་ལ་མི་ཏྲའི་རྗེས་སུ་འབྲང་བར་བྱས་སོ། །རྗེ་རང་བྱུང་ཞབས་ཀྱི་ཟབ་མོ་ནང་དོན་རྩ་འགྲེལ་གཉིས་ཀ་ལས། རང་རྒྱལ་བསྐལ་པ་ཉི་ཤུ་ནས། །བསེ་རུ་བསྐལ་པ་བརྒྱ་ཡིས་འགྲུབ། །ཅེས་དང་། དེ་ཡང་ཚོགས་ན་སྤྱོད་པ་ཆུང་ངུ་ནི་བསྐལ་པ་ཉི་ཤུ་ཙམ་དང་ཚོགས་སྤྱོད་ཆེན་པོ་བསྐལ་པ་ལྔ་བཅུ་ཙམ་དང་བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་བསྐལ་པ་བརྒྱས་འགྲུབ་སྟེ་དེ་ནི་རང་སངས་རྒྱས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ནོ། །ཞེས་གསུངས་མོད་ཀྱང་བོད་དུ་གྲགས་པའི་གྲགས་པ་དབང་བཙན་དུ་བྱས་པར་སེམས་ལ། བོད་རྣམས་ཀྱི་བཤད་ཚུལ་དེ་ལྟར་བཀའ་བསྟན་གང་ལས་ཇི་ལྟར་འབྱུང་ཚུལ་ཞིབ་པར་དཔྱད་དགོས་སོ། །བོད་རྣམས་ཀྱིས་བཟོས་པའི་ཚུལ་གྱི་རྣམ་བཞག་དེ་འདྲ་བ་ལ་དགོངས་ནས་རྗེ་བཙུན་ཀརྨ་འཕྲིན་ལས་པ་ཆེན་པོའི་ཞལ་སྔ་ནས་ཀྱི་ཉིན་བྱེད་འོད་འཕྲེང་ལས། སོག་འགྲེལ་ལས། ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ནས་ཚོགས་སྤྱོད་ཆུང་བ་བསྐལ་པ་བརྒྱའི་སུམ་ཆ་ཙམ་དང་ཆེན་པོ་སུམ་གཉིས་ཙམ་དུ་བཤད་ཅེས་བཀོད་པ་ནི། སྒྲོས་རྙིང་པ་དང་བུ་སྟོན་སོགས་མཁས་པ་མང་པོས་དེ་ལྟར་དུ་བཞེད་ཀྱང་། མཐའ་གཅིག་ཏུ་མ་ངེས་ཏེ། བསྟན་བཅོས་ལས་ནི། བསེ་རུ་ལྟ་བུ་དང་ཚོགས་ན་སྤྱོད་པ་ཞེས་པ་ཙམ་ལས་མི་འབྱུང་ལ། ཚོགས་སྤྱོད་ཆེ་ཆུང་དང་སོ་སྐྱེ་སྔོན་འགྲོ་དང་ཉན་ཐོས་སྔོན་འགྲོ་ཞེས་པའི་ཐ་སྙད་འདི་ནི་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་མཛད་ཅིང་། དེ་རྣམས་ཀྱི་ཚོགས་བསགས་པའི་ཡུན་ཡང་བཞེད་པ་མི་འདྲ་བ་དུ་མ་བྱུང་སྟེ། ཞེས་གསུངས་པ་ཡིན་ནོ་སྙམ། དྭགས་པོ་རབ་འབྱམས་ཀྱི་རྣམ་ཐར་རྒྱན་ལས། དེས་ཀྱང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཚུལ་གྱིས་ཚོགས་ན་སྤྱོད་པ་ཆེ་བས་བསྐལ་པ་ཉི་ཤུ་དང་། ཆུང་བས་བསྐལ་པ་ལྔ་བཅུ་དང་། བསེ་རུ་ལྟ་བུས་བསྐལ་པ་བརྒྱ་ཡིས་རང་གི་བྱང་ཆུབ་མངོན་དུ་འགྲུབ་བོ། །དེ་ཡང་རང་ལམ་ལ་ལྟོས་ནས་སྔ་མ་གཉིས་དབང་པོ་རྣོ་བ་ཡིན་ནོ། །འགྲེལ་པར། ཚོགས་སྤྱོད་ཆེན་པོ་བསྐལ་པ་ལྔ་བཅུ་དང་། ཆུང་བ་བསྐལ་པ་ཉི་ཤུ་ཞེས་བྲིས་པ་ནི་ཡི་གེ་པས་ནོར་བ་ཡིན་ནམ་བརྟག་པར་བྱའོ། །ཞེས་གསུངས་མོད་ཀྱང་། དེའི་དགག་ལན་ནི་རྗེ་ཀརྨ་འཕྲིན་ལས་པའི་ཉིན་བྱེད་འོད་འཕྲེང་དུ་ལེགས་པར་བསྟན་ཟིན་པས་དེ་ལས་ལྷག་པར་གང་ཡང་བཤད་མི་དགོས་ཤིང་། ཁྱད་པར་དུ་ཀརྨ་འཕྲིན་ལས་པས་ཚུལ་འདི་དག་ཕལ་ཆེ་བ་བོད་རྣམས་ཀྱིས་རང་བཟོ་ཡིན་ཞེས་པའང་ལེགས་པར་མཐོང་། ཉིན་བྱེད་འོད་འཕྲེང་ལས། ཕྱིས་ཀྱི་འགྲེལ་བ་འགའ་ཞིག་ལས། ཚོགས་ན་སྤྱོད་པ་ཆེ་བས་བསྐལ་པ་ཉི་ཤུ་དང་ཆུང་བས་བསྐལ་པ་ལྔ་བཅུ་དང་། བསེ་རུ་ལྟ་བུས་བསྐལ་པ་བརྒྱ་ཡིས་རང་གི་བྱང་ཆུབ་མངོན་དུ་འགྲུབ་བོ། །དེ་ཡང་རང་ལམ་ལྟོས་ནས་སྔ་མ་གཉིས་དབང་པོ་རྣོ་བ་ཡིན་ནོ། །ཞེས་བྲིས་པ་ནི་ཆ་མེད་པའི་གཏམ་དུ་སྣང་ལ། འགྲེལ་པར་ཚོགས་སྤྱོད་ཆེན་པོ་བསྐལ་པ་ལྔ་བཅུ་དང་། ཆུང་བ་བསྐལ་པ་ཉི་ཤུ་ཞེས་བྲིས་པ་ནི་ཡི་གེ་པས་ནོར་བ་ཡིན་ནམ་བརྟགས་པར་བྱའོ། །ཞེས་ཀྱང་བྲིས་སྣང་སྟེ། བརྟགས་མི་དགོས་སོ། །ཞེས་སོགས་གསུངས་པ་རྣམས་ལ་ཞིབ་ཀྱིས་བལྟ་བར་བྱ་དགོས་སོ། །བཤད་བྱ་མང་དུ་འདུག་ནའང་ཡི་གེ་མང་བར་དོགས།
མེས་པོ་དམ་པའི་མན་ངག་བཟང་པོ་ཡི། །
མཐུ་ལས་ལེགས་པར་རྙེད་པའི་རིན་བྲལ་དོན། །
ཚིག་གི་ལམ་ནས་ཅུང་ཟད་སྤྲོས་པ་འདི། །
མཁས་མང་མགུ་བའི་རྒྱན་དུ་ཨེ་མ་རྨད། །
ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་དོ། །
གསུམ་པ་སྤངས་རྟོགས་ཀྱི་སྐོར་ནས་བཤད་པ་ལ། སྤྱིར་ཉན་རང་ལ་སྤངས་རྟོགས་ཀྱི་སྒོ་ནས་མཆོག་དམན་དུ་བཤད་པ་ནི་ཡོངས་གྲགས་ལྟར་གཟུང་དོན་རྟོགས་པ་སྤངས་ཕྱིར་སོགས་ཀྱི་གཞུང་འདྲེན་པ་ཤེས་གསལ་ལྟར། འོན་ཀྱང་ལུང་དེ་ཙམ་འདྲེན་པས་ཤིན་ཏུ་གྲུབ་དཀའ་བར་འདུག ཀུན་མཁྱེན་མཉམ་མེད་དྭགས་པོ་པས་སྒྲུབ་པ་སྙིང་གི་ངོ་སྤྲོད་ལྷན་སྐྱེས་ཆོས་སྐུའི་ཉམས་ལེན་ལས། ཉན་ཐོས་བྱེ་བྲག་པ་དང་མདོ་སྡེ་པ་གཉིས་ལྟ་བའི་གཞི་མཐུན་ཏེ། དེ་ཡང་། གཟུང་བ་རང་བཞིན་མེད་པར་ཤེས་པས། གང་ཟག་ལ་བདག་མེད་པར་རྟོགས་ལ། འཛིན་པ་རང་བཞིན་དུ་གནས་པས། ཆོས་ལ་བདག་ཏུ་གནས་སོ། །ཞེས་ཉན་རང་གཉིས་ཀས་གཟུང་བ་བདག་མེད་རྟོགས་པ་ཞིག་བཤད་འདུག་ཅིང་ཁོ་བོས་ཀྱང་དེའི་ཐོག་ནས་བཤད་རུང་གཞན་པའི་རྣ་ལམ་དུ་འགྲོ་དཀའ་བར་འདུག་ནའང་དེ་ནི་ཁུངས་མེད་པའི་གཏམ་ཞིག་གཏན་མིན་ཏེ། སྡེ་བསྟན"རྒྱུད"ཝི"༢༡༩ དཔལ་ལྡན་གཉིས་མེད་རྡོ་རྗེའི་མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བ་གཉུག་མའི་དེ་ཉིད་རབ་ཏུ་སྟོན་པའི་རྒྱ་ཆེར་བཤད་པ་ལས། ལྟ་བ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་གཉིས་སུ་གཞི་མཐུན་ནོ། །དེ་ཡང་གཟུང་བ་རང་བཞིན་མེད་པར་ཤེས་པས་གང་ཟག་ལ་བདག་མེད་པར་རྟོགས་ལ། འཛིན་པ་རང་བཞིན་དུ་གནས་པས་ཆོས་ལ་བདག་ཏུ་འཛིན་པར་གནས་སོ། །ཞེས་སོ། །དེས་ན་རང་རྒྱལ་གྱི་ལྟ་བ་མདོ་སྡེ་པ་དང་སྦྱར་དགོས་པར་སྨྲ་བ་ཡང་གཞུང་འདི་དག་གོང་བསྒྲིགས་ན་ཤེས་པར་ནུས་ཏེ། སྡེ་བསྟན»སེམས་ཙམ»ཝི»༥༦ བྱང་སར། རང་སངས་རྒྱས་ནི་ཉན་ཐོས་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཉན་ཐོས་རྣམས་དང་། ལམ་གྱི་རང་བཞིན་མཚུངས་པའི་ཕྱིར་རོ། །ཉན་ཐོས་རྣམས་ལས་རང་སངས་རྒྱས་རྣམས་ཀྱི་བྱེ་བྲག་ནི་འདི་ཡིན་ཏེ། སྲིད་པ་ཐ་མ་ལ་ལུས་ཐ་མ་ཐོབ་པར་འགྱུར་བ་ནི་སློབ་དཔོན་མེད་པར་སྔོན་གོམས་པའི་དབང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་བསྒོམས་ནས། ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། དེ་ལྟ་བས་ན་རང་སངས་རྒྱས་ཞེས་བྱའོ། །ཞེས་དང་། གཞན་ཡང་། སྡེ་བསྟན"རྒྱུད"ཝི"༡༡༦ མི་ཏྲཻ་པའི་དེ་ཁོ་ན་ཉིད་རིན་པོ་ཆེའི་འཕྲེང་བ་ལས། འབྲིང་པོ་ནི་རང་སངས་རྒྱས་ཉིད་དུ་འགྱུར་བའོ། །མཆོག་ནི་བསྐལ་པ་གྲངས་མེད་པ་བཞིས་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་ཟེར་རོ། །རང་སངས་རྒྱས་རྣམས་དཔྱད་པ་ནི། ཉན་ཐོས་མཆོག་རྣམས་ཀྱི་བཞིན་ནོ། །ཞེས་བྱང་ས་ལས་གསུངས་པ་ལྟར་བཤད་པས་དཔྱད་འཚལ། རྟོག་གེ་འབར་བ་ལས་ཀྱང་ཉན་རང་གཉིས་ཀྱི་སྤངས་རྟོགས་ལ་ཁྱད་པར་མེད་པར་གཅིག་པ་གཅིག་རང་དུ་བཤད་མོད་ཀྱང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལྟར་བྱས་ན་ཉན་རང་ལ་སྤངས་རྟོགས་ཁྱད་མེད་དུ་བཞེད་པས་མི་འདྲ། གསེར་མདོག་པན་ཆེན་གྱི་ཤེར་འགྲེལ་ལུང་རིགས་རོལ་འཚོ་སོགས་ལས་ཀྱང་བཤད་པ་དང་མཐུན་པར་རྗེ་མི་བསྐྱོད་པའི་ཤེར་འགྲེལ་རྗེ་བཙུན་ངལ་གསོ་སྐབས་གཉིས་པ་ལས། རང་རྒྱལ་གྱི་གང་ཟག་འདི་གྲུབ་མཐའ་གང་སྨྲ་བ་ཡིན་ཅེ་ན། སེམས་ཙམ་རྣམ་བདེན་པའི་རིས་སུ་འདུ་བ་ཡིན་ཏེ། གཟུང་རྟོག་སྤངས་ནས་རིག་པ་གཅིག་ཉིད་ཡུལ་ཡུལ་ཅན་གཉིས་མེད་དུ་བདེན་པར་ཁས་ལེན་པའི་ཕྱིར་རོ། །ཞེས་དང་། སྐབས་བཞི་པའི་སྤྱི་དོན་གྱི་སྐབས་སུ་ངལ་གསོ་ལས། རང་རྒྱལ་གྱིས་གཟུང་འཛིན་གྱི་རྟོག་པ་གཉིས་པོ་དེ་སྤོང་ཚུལ་ཡང་། སྣང་བ་ཕྱི་དོན་དུ་ཞེན་པ་ནི་ལྷན་སྐྱེས་ཀྱི་རྟོག་པ་ལ་ཡོད་པ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་དང་། སྣང་བ་སེམས་སུ་ཞེན་པ་ནི་རྣམ་བདེན་པའི་གྲུབ་མཐའ་དང་མདོ་སྡེ་པའི་གྲུབ་མཐའ་ཡིན་ལ། གྲངས་ཅན་པས་ཀྱང་སྣང་བ་བློའི་ངོར་འདོད་ཚུལ་མཐུན་ནོ། །མདོ་སྡེ་པ་དང་གྲངས་ཅན་པས་ནི་སྣང་བ་དེ་ནང་ཡིན་ཀྱང་། དེ་གཏོད་བྱེད་ཀྱི་རྒྱུ་ཕྱི་ན་ཡོད་པར་འདོད་ལ། གཟུང་དོན་ཕྱི་རོལ་ཏུ་ཡོད་པར་འདོད་པ་དེ་རྣམས་འགོག་བྱེད་ཀྱི་རིགས་པ་ནི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཏེ། འདི་ནི་སེམས་ཙམ་པའི་ཕྱི་དོན་འགོག་པའི་རིགས་པ་ཡིན་ལ། རང་རྒྱལ་གྱིས་རིགས་པ་དེ་ལ་བརྟེན་ནས་གཟུང་འཛིན་རྫས་གཞན་ཁེགས་པས་རང་རྒྱལ་གྱི་ཐར་པ་ལ་གེགས་བྱེད་ཀྱི་ལས་ཉོན་རྣམ་སྨིན་གསུམ་སྤོང་ནུས་ཀྱི་གཟུང་མེད་རྟོགས་པ་དེ་ཡིན་ནོ། །རྣམ་བདེན་པ་དང་མདོ་སྡེ་པས་སྣང་བ་སེམས་སུ་ཞེན་པ་རྣམ་བརྫུན་པས་འགོག་པ་ན། གཟུང་བ་མེད་པའི་རྟགས་ཀྱིས་འཛིན་པ་འགོག་པ་ཡིན་ལ། རང་རྒྱལ་གྱིས་ཀྱང་རིགས་པ་དེ་ལ་བརྟེན་ནས་འགོག་པར་བྱེད་ཅིང་། དེ་ལྟར་བྱེད་པའི་དགོས་པའང་འཛིན་རྟོག་དེ་རང་རྒྱལ་གྱི་ཐར་པ་ཐོབ་པ་ལ་གེགས་བྱེད་མིན་ཀྱང་། རང་རྒྱལ་གྱི་ཤེས་བྱ་ཡོངས་སུ་དཔྱོད་བྱེད་ལ་གེགས་ཡིན་པས་འགོག་པ་དང་སྤོང་བ་ཡིན་ནོ། །ཞེས་རང་རྒྱལ་སེམས་ཙམ་དུ་བསྡུ་བའི་སྐད་ཅ་ཞིག་ཡོད་པ་དེ་ཁུངས་ཅི་ཞིག་ཡོད་དམ། ཡོད་ན་རྒྱ་འགྲེལ་བཀའ་བསྟན་ནས་ཇི་ལྟར་གསུངས་པའི་ཚུལ་བཀའ་བསྩལ་དགོས་པར་འདུག བདག་གི་བསམ་པ་ལ་ཕལ་ཆེར་འོལ་སྤྱི་ཙམ་དུ་སྨྲས་པ་ཞིག་ལས་གཞུང་གི་དགོངས་པ་ངེས་པ་ཅན་དུ་བཤད་པ་ཆེས་དཀའ་སྙམ་སྟེ། རྗེ་མི་བསྐྱོད་པའི་དགོངས་གཅིག་འགྲེལ་ཆེན་དུམ་པའི་ལྔ་པའི་རྣམ་བཤད་ལས་དཀའ་བར་བཤད་པའི་ཕྱིར་ཏེ། དེ་ཉིད་ལས། ཁ་ཅིག་ཕྱི་དོན་བདེན་མེད་སེམས་ཙམ་པས་ཀྱང་འདོད་པས་རང་རྒྱལ་གྱིས་ཀྱང་ཕྱི་དོན་བདེན་མེད་རྟོགས་པར་འདོད་པ་དེ་ལྟ་ན། སེམས་ཙམ་གྱི་སྟོང་པ་ཉིད་མངོན་རྟོགས་ཀྱི་རང་རྒྱལ་གྱི་སྟོང་ཉིད་ལྟ་བའི་མངོན་རྟོགས་དང་མདོ་མཉམ་པར་བརྗོད་པ་ཡོད་ཀྱང་། སེམས་ཙམ་པས་ཕྱི་དོན་བདེན་པར་མ་གྲུབ་ཀྱང་དོན་སྣང་ཡེ་མེད་དུ་ཁས་མི་ལེན་ལ། རང་རྒྱལ་བས་ཀྱང་དེ་ལྟར་ཁས་མི་ལེན་ན་སྟོང་ཉིད་ལྟ་ཚུལ་ལ་དེ་གཉིས་མདོ་མཉམ་དུ་ཆུག་ཀྱང་། རང་རྒྱལ་ཇི་ལྟར་འདོད་གསལ་ཁ་འཆད་དཀའ་བས་མཐའ་གཅིག་ཏུ་སྨྲ་བར་མི་ནུས་ཞེས་བཀའ་སྩལ་ཏོ། །ཞེས་གསུངས་པའི་ཕྱིར། དེས་ན་འགྲེལ་ཆེེན་ངལ་གསོ་ནས་གསུངས་པ་དེ་རང་ལུགས་དངོས་མིན་པར་གཞན་གྲགས་ལྟར་བཀོད་པར་སེམས་ཏེ། དམིགས་བསལ་གྱི་རྒྱ་འགྲེལ་རྙེད་དཀའ་བ་དང་རྗེ་མི་བསྐྱོད་པ་རང་ཉིད་ཀྱིས་ཀྱང་དགོངས་གཅིག་འགྲེལ་ཆེན་དུ་མཐའ་གཅིག་ཏུ་སྨྲ་བར་མི་ནུས་ཞེས་བཤད་པས་སོ། །ཞིབ་པར་བལྟས་ན་འགྲེལ་ཆེན་ངལ་གསོ་ནས་བཤད་པ་ཕལ་མོ་ཆེ་ཞིག་གཞན་གྲགས་ལྟར་བཀོད་པ་མང་ཞིང་འགོད་དགོས་པའི་རྒྱུ་མཚན་ཡང་སློབ་དཔོན་གྱི་བཀའ་དབང་བཙན་དུ་ཤོར་བར་སེམས། རྗེ་རང་ཉིད་དེ་ཙམ་གྱིས་བློ་ཡིད་མ་ཚིམས་པར་མཐའ་དཔྱད་དང་སྤྱི་དོན་རེ་རེའི་འཇུག་ཏུའམ་རྩ་བའི་འབྲུ་འགྲེལ་དང་འགྲེལ་བའི་འབྲུ་འགྲེལ་རེ་རེའི་འོག་ཏུ་ཡང་སྐབས་མང་པོར་ཁོ་བོའི་བསམ་པ་ལ་ཞེས་པ་ལྟ་བུ་དང་བདག་གི་གོ་བ་ལ་ཞེས་པ་ལྟ་བུ་དང་སྐབས་འདིར་འདི་ཤེས་དགོས་ཏེ་ཞེས་སོགས་གསུངས་པ་རེ་རེ་ཙམ་མ་ཡིན་པའི་ཕྱིར། དོན་དེེས་ན་རང་རྒྱལ་ལ་སྡེ་སྣོད་ཟུར་པ་མེད་པར་འདོད་པ་དང་ལྟ་བ་སེམས་ཙམ་པར་སྦྱར་བ་རྣམས་ནི་བཀའ་བསྟན་གི་ཁུངས་འཆད་དཀའ་ཞིང་བོད་རྣམས་ཀྱི་བཤད་པ་ཙམ་དུ་སེམས་ལ། འདི་དག་གི་དོན་ལ་འགྲེལ་ཆེན་ངལ་གསོ་ནས་བཤད་པ་ཕལ་ཆེ་བ་ཞིག་གཞན་གྲགས་ལྟར་བཀོད་པ་ཡིན་ནམ་སྙམ་པ་ཞིག་བྱུང་ངོ་། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཀརྨ་ཤིང་རྟ་དང་དགོངས་གཅིག་ཀར་འགྲེལ་ལས་རང་རྒྱལ་ལ་སྡེ་སྣོད་ཟུར་པ་ཡོད་པར་བཤད་ཅིང་ལྟ་བ་སེམས་ཙམ་དང་སྦྱར་བ་འཆད་དཀའ་བ་ཡང་བཤད་པས་སོ། །ཅིའི་ཕྱིར་སྐབས་འདིར་དགོངས་གཅིག་འགྲེལ་ཆེན་གྱི་རྗེས་སུ་འབྲང་ལ་འགྲེལ་ཆེན་ངལ་གསོའི་རྗེས་སུ་མ་འབྲང་བ་ཡིན་ནམ་ཞེ་ན། སྐབས་འདིར་འགྲེལ་ཆེན་ངལ་གསོ་ནས་བཤད་པ་དེ་ལ་བཀའ་བསྟན་གྱི་ཁུངས་དམིགས་བསལ་མི་རྙེད་ཅིང་དགོངས་གཅིག་ནས་བཤད་པ་དེ་ལ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་སོགས་ཀྱི་ཁུངས་ཤིན་ཏུ་གསལ་བར་གྲུབ་པའི་ཕྱིར་རོ། །ཞིབ་ཏུ་དཔྱད་ན་གཞུང་ཚད་ལྡན་འགའ་ལས་རྣམ་བདེན་པ་དང་སྦྱར་བ་ལྟར་སྣང་ཡང་གཞུང་དེ་དག་གིས་རྣམ་བདེན་པའི་ལྟ་བ་དེ་དང་མཐུན་པའི་སྒྲུབ་བྱེད་ཙམ་ལས་ལྟ་བ་དེ་རང་ཡིན་པའི་སྒྲུབ་བྱེད་དུ་འགྲོ་དཀའ་བར་སེམས། འདིར་ཁུངས་མེད་ཅེས་ཟེར་བ་ནི་གསལ་ཁ་ཅན་མེད་པའི་དོན་ཡིན་གྱི་ཁུངས་གཏན་ནས་མེད་པའི་དོན་མ་ཡིན་ཏེ། རང་སངས་རྒྱས་ཀྱི་ལྟ་བ་འདི་སེམས་ཙམ་པར་སྦྱར་བའི་བོད་གཞུང་འགའ་ཞིག་སྣང་བ་ལས་རྒྱ་གཞུང་ཚད་ལྡན་གང་ཡོད་ཅེས་དྲིས་ན་བོད་ཀྱི་མཁས་པ་ཕལ་མོ་ཆེ་ལྐུག་པར་གྱུར་ནས་བཞུགས་དགོས་པར་འདུག་ཀྱང་བཀའ་བསྟན་ལ་ཞིབ་ཏུ་དཔྱད་ན་གསལ་ཁ་མེད་ཀྱང་ཁུངས་ཅུང་ཟད་རེ་འབྱུང་འདུག་སྙམ་སྟེ། སློབ་དཔོན་ལྷན་གཅིག་སྐྱེས་པའི་རྡོ་རྗེའི་གནས་པ་བསྡུས་པའི་གཞུང་ལས་སེམས་ཙམ་རྣམ་བཅས་པའི་གནས་བསྡུས་བཤད་པའི་སྐབས་སུ་བསེ་རུའི་ལྟ་བ་དེ་སྦྱར་བ་ཙམ་ཞིག་སྣང་བའི་ཕྱིར་ཏེ། སྡེ་བསྟན"རྒྱུད"ཝི"༩༤ གནས་པ་བསྡུས་པའི་ཕྱག་རྒྱ་ཆེན་པོའི་བསྟན་བཅོས་ལས། གང་གང་ཅུང་ཟད་སྣང་བ་ནི། །དེ་དེ་སེམས་ལ་ཤིན་ཏུ་གསལ། །ཇི་ལྟར་དེ་བཞིན་རྨི་ལམ་སེམས། །གཟུགས་ལ་སོགས་པ་སོ་སོར་སྣང་། །ཇི་ལྟར་སོ་སོར་སྣང་བའི་སེམས། །བག་ཆགས་ལ་ནི་རྣམ་གནས་པ། །ཅི་སྟེ་དོན་མེད་རྣམ་ཤེས་ནི། །ཇི་ལྟར་གཞན་ལས་ཤེས་པར་འགྱུར། །དོན་གྱི་སྣང་བའི་ཕྱི་རོལ་ན། །བསེ་རུ་ལྟ་བུར་ཐུབ་པས་གསུངས། །གཟུང་དང་འཛིན་པ་སྟོང་པར་ནི། །སྣང་མེད་པ་དག་འདོད་པ་ཡིན། །ཞེས་པས་སོ། །སྐབས་དེར་བསེ་རུ་ལྟ་བུར་ཐུབ་པས་གསུངས་ཞེས་པའི་ཚིག་དེ་སྒྲུབ་བྱེད་དུ་བཀོད་ཐུབ་བམ་སྙམ་པ་ཙམ་སྟེ་ད་དུང་ཅུང་དཀའ་བར་འདུག མདོ་སྡེ་པའི་ལྟ་བར་སྦྱར་བ་འདི་ནི་ཕྱག་ཆེན་རྒྱ་གཞུང་བོད་གཞུང་ཀུན་གྱི་གྲུབ་པས་ཧ་ཅང་འཐད་པར་སྣང་། གཞུང་དེར་རྣམ་མེད་པའི་གནས་བསྡུས་སྔོན་དུ་བཤད་ནས་རྣམ་བཅས་པའི་གནས་བསྡུས་རྗེས་ལ་བཤད་པས་ཇི་ལྟར་ཡིན་དཔྱད་འཚལ། མཆན། གང་ལྟར་བྱས་ཀྱང་འགལ་བ་མེད་པའི་ཚུལ་ནི་འོག་ནས་བརྗོད་པར་བྱ། ཡང་འགྲེལ་ཆེན་ངལ་གསོ་སྐབས་བཞི་པ་གཞི་ཤེས་ཀྱི་རྣམ་པ་བཤད་པའི་སྐབས་ལས། ཡང་ཐེག་པ་ཆེན་པོའི་སྡེ་སྣོད་དུ་ཉན་ཐོས་ཀྱི་ལམ་གྱི་རྣམ་གཞག་འཆད་པ་ན། གཟུང་འཛིན་རྫས་གཞན་འགོག་བྱེད་ཀྱི་ལུང་རིགས་མ་བཤད་པས་ཉན་ཐོས་ལ་གཟུང་མེད་རྟོགས་པའི་རྟོགས་པ་མེད་དོ། །རང་རྒྱལ་ལ་ནི་རང་རྒྱལ་གྱི་ལམ་བགྲོད་ཚུལ་གྱི་སྡེ་སྣོད་ཟུར་པ་མེད་ལ། དེའི་ལམ་བགྲོད་ཚུལ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་དགོས་ཤིང་། དེའང་ཉན་ཐོས་ཀྱི་སྡེ་སྣོད་ལས་གཟུང་འཛིན་རྫས་གཞན་འགོག་པའི་ལུང་རིགས་མི་འབྱུང་ཡང་། ཐེག་ཆེན་ཐུན་མོང་མིན་པའི་སྡེ་སྣོད་ལས་རང་རྒྱལ་གྱི་ལམ་བགྲོད་ཚུལ་ལ་གཟུང་འཛིན་རྫས་གཞན་འགོག་པའི་ལུང་དང་རིགས་པ་དེར་འབྱུང་བའི་ཕྱིར་དང་། དེས་ན་རང་རྒྱལ་གྱི་དགྲ་བཅོམ་ཐོབ་པའི་ཚེ་མཚན་འཛིན་གྱི་གཟུང་རྟོག་སྤངས་པ་ཡིན་ཏེ། གཟུང་རྟོག་དེ་རང་རྒྱལ་གྱི་སྒོམ་ལམ་ནས་ཀྱང་སྤོང་དགོས་པར་བཤད་དོ། །ཞེས་གསུངས་མོད་ཀྱང་། དགོངས་གཅིག་འགྲེལ་ཆེན་ཚོམས་དང་པོའི་རྣམ་བཤད་ལས། དེ་ཡང་རང་རྒྱལ་གྱི་སྡེ་སྣོད་ནི། ས་སྡེ་ལས། རང་རྒྱལ་ནི་ཉན་ཐོས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། ལམ་གྱི་རང་བཞིན་མཚུངས་པའི་ཕྱིར། ཞེས་ཉན་ཐོས་ལས་གཞན་དུ་རང་སངས་རྒྱས་ཀྱི་སྡེ་སྣོད་མ་བཤད་ཀྱང་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་དང་དུས་ཀྱི་འཁོར་ལོ་ལས་རང་སངས་རྒྱས་ཀྱི་སྡེ་སྣོད་ལོགས་སུ་ཡོད་པར་གསུང་ལ། ཁྱད་པར་རང་རྒྱལ་ནི་སྲིད་པ་ཐ་མར་སློབ་དཔོན་ལ་མི་ལྟོས་པར་རྟེན་འབྲེལ་གྱི་འཇུག་ལྡོག་ལ་རྟོག་པས་དགྲ་བཅོམ་པར་འགྱུར་བས་ཉན་ཐོས་ལས་བླ་ལྷག་ཏུ་རྟེན་འབྲེལ་གྱི་དོན་ལ་ལྟ་སྒོམ་བྱེད་དགོས་སོ། །ཞེས་དང་། སྡེ་བཀའ"མདོ་སྡེ"ཚ"༢༤༡ མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས། ཡང་རིགས་ཀྱི་བུ་དག་འདི་གསུམ་ནི་སྡེ་སྣོད་ཡིན་ནོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང་། རང་སངས་རྒྱས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །རིགས་ཀྱི་བུ་དག་དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་ནི་ཕ་རོལ་གྱི་སྒྲའི་རྗེས་སུ་འབྲང་བས་ཐོབ་པའོ། །རང་སངས་རྒྱས་ཀྱི་སྡེ་སྣོད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པའི་ཕྱིར་རྒྱུ་ཟད་པར་རྟོགས་པའོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་ཆོས་ཚད་མེད་པ་རྟོགས་ཤིང་རང་བྱུང་བའི་ཡེ་ཤེས་དང་འཐུན་པའོ། །ཡང་རིགས་ཀྱི་བུ་དག་ཉན་ཐོས་སམ། རང་སངས་རྒྱས་དག་ནི་གང་ཡང་སྡེ་སྣོད་གསུམ་པ་མ་ཡིན་གྱི། རིགས་ཀྱི་བུ་དག་གང་གི་ཆོས་བཤད་པ་ལས་སེམས་ཅན་དག་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཐེག་པ་གསུམ་གྱིས་འབྱུང་བ་དེ་ལ་ནི་སྡེ་སྣོད་གསུམ་པའོ་ཞེས་བདག་སྨྲའོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ནི་ཆོས་འཆད་ན་སེམས་ཅན་དག་ཐེག་པ་གསུམ་གྱིས་འབྱུང་བས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སྡེ་སྣོད་གསུམ་པ་ཞེས་བྱའོ། །ཞེས་དང་། ཇི་སྐད་དུ་ཀརྨ་པ་པཀྵིས་ཀྱང་སྡེ་སྣོད་ཟུར་པ་ཡོད་པ་ལྟར་གསུངས་པས་སྡེ་སྣོད་ཟུར་པ་ཡོད་པར་སྨྲ་ལ་དེ་ཡང་མདོ་སྡེ་པ་ལ་སྦྱར་ན་གཞུང་ལུགས་ཀྱི་ཁུངས་ལེགས་པར་གྲུབ་པ་ཡིན་ནོ། །སྤྱིར་བྱེ་སྨྲ་ལ་སྦྱར་བའི་རྒྱ་གཞུང་དང་མདོ་སྡེ་པ་ལ་སྦྱར་བའི་རྒྱ་གཞུང་གི་འགྲོ་སྟངས་གཉིས་ལས་ལྷག་པའི་སེམས་ཙམ་དང་སྦྱར་བ་ཞིག་རྙེད་དཀའ་བས་ཡིག་ཆ་འགས་སེམས་ཙམ་ལ་སྦྱར་བ་དེ་དོན་ལ་གནས་མིན་འཆད་དཀའ། དེ་ཡང་བྱེ་སྨྲའི་གྲུབ་མཐར་བྱེད་པའི་རྒྱ་འགྲེལ་ནི་ཡོད་དེ། སྡེ་བསྟན"རྒྱུད"ཝི"༡༡༥ མི་ཏྲཻ་པའི་དེ་ཁོ་ན་ཉིད་རིན་པོ་ཆེའི་འཕྲེང་བ་ལས། །དེ་ལ་བྱེ་བྲག་ཏུ་སྨྲ་བའི་གནས་པ་ནི། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱའོ། །ཞེས་སོགས་བྱེ་སྨྲའི་དབང་དུ་བྱས་ནས་བཤད་པའང་འདུག་ཅིང་ཁོ་བོས་འཐད་པར་མ་སེམས། མདོ་སྡེ་པར་བསྡུ་བའང་ཡོད་དེ། རིན་འབྱུང་ཞི་བས་ཐེག་གསུམ་གྱི་རྣམ་བཞག་ཏུ་མདོ་སྡེ་བར་བསྡུས་པའི་ཕྱིར་ཏེ། སྡེ་བསྟན”རྒྱུད”ཙུ”༡༠༠རིན་འབྱུང་ཞི་བའི་ཐེག་པ་གསུམ་གྱི་རྣམ་བཞག་ལས་ཀྱང་། འོན་ཀྱང་མདོ་སྡེ་པ་རྣམས་ནི་རང་སངས་རྒྱས་སུ་འགྱུར་བའི་སྐལ་བ་ཅན་ནོ། །ཞེས་སོགས་གསུངས་པ་མང་ངོ་། མདོ་སྡེ་བས་ཕྱི་དོན་བདེན་མེད་དུ་འདོད་ཅེས་ཁོ་བོས་ལན་མང་པོར་སྨྲས་ཀྱང་བློ་ལྡན་རྣམས་ཀྱི་རྣ་ལམ་འགྲོ་དཀའ་ནའང་། མདོ་སྡེ་བས་ཕྱི་དོན་བདེན་མེད་དུ་འདོད་ཅེས་གཞུང་མང་པོ་ནས་རྒྱ་ཆེར་བཤད་པ་མ་ཟད་འབེ་ལོ་སོགས་ཀྱིས་ཀྱང་ལན་གཅིག་མ་ཡིན་པར་གསུངས་ལ་རྒྱ་གཞུང་ལ་མཚོན་ནའང་མི་ཏྲཻ་པའི་དེ་ཁོ་ན་ཉིད་རིན་པོ་ཆེའི་འཕྲེང་བར་ཤིན་ཏུ་གསལ་བར་གསུངས་སོ། །དེ་ཡང་མདོ་སྡེ་པའི་ལུགས་ལ་མ་བརྟགས་མ་དཔྱད་པའི་ཚད་འབྲས་བཤད་པའི་སྐབས་སུ་ཕྱི་དོན་ལྐོག་ན་མོ་དང་རྡུལ་ཕྲན་ཆ་མེད་སོགས་དོན་དམ་དུ་བཞག་ཅིང་གཞལ་བྱར་འདོད་ལ་རགས་པ་རྣམས་ནི་དེ་ལྟར་མ་ཡིན། དེ་ལྟར་ན་མདོ་སྡེ་པའི་ཐ་སྙད་སྣང་ཚུལ་དབང་བཙན་དུ་བྱས་པའི་བདེན་གཉིས་ཀྱི་རྣམ་བཞག་དང་དོན་དམ་གནས་ཚུལ་དབང་བཙན་དུ་བྱས་པའི་བདེན་གཉིས་ཀྱི་རྣམ་བཞག་གཉིས་འཆད་པར་གོ་ལ། ཐ་སྙད་དབང་བཙན་གྱི་སྐབས་སུ་དོན་དམ་བདེན་པ་ཞིག་བཤད་པས་དེ་ལ་གྲུབ་མཐའ་གོང་མའི་རིགས་པས་གནོད་པ་ཡིན། འགྲེལ་ཆེན་རྒྱ་ནག་མ་དང་རྒྱན་དང་ཆོས་མཆོག་གི་གཞུང་ལས་འབྱུང་བ་ལྟར་མདོ་སྡེ་པའི་ཐ་སྙད་ཚད་གྲུབ་བཞེད་དགོས་པའི་གནད་ཀྱང་ཐ་སྙད་པའི་དོན་དམ་བདེན་པ་ཁས་བླང་པའི་ཁས་ལེན་འདིའི་དབང་གིས་ཡིན། སེམས་ཙམ་པ་ཡན་གྱི་ཐ་སྙད་པའི་དོན་དམ་བདེན་པ་ཞིག་མི་བཞེད་པས་ཐ་སྙད་ཚད་གྲུབ་ཀྱི་རྣམ་བཞག་དོན་མཐུན་ཞིག་མི་བཞེད་པའི་གནད་ཀྱང་འབྱུང་བར་སེམས་པས་གངས་ཅན་འདིར་ཐ་སྙད་ཚད་གྲུབ་ཀྱི་རྣམ་བཞག་འཆད་པ་འདི་ཡང་མདོ་སྡེ་པའི་གྲུབ་མཐའི་རྣམ་བཞག་འདྲེས་པར་ཟད་དོ། །དོན་འདི་ལ་དགོངས་ནས་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུགས་ཀྱིས་འབྲས་རྟོག་གཉིས་པ་སེམས་ཙམ་ཐུན་མིན་གྱི་ལུགས་ཡིན་པར་འགོག་པའི་སྐབས་སུ་ཚད་མའི་སྤྱི་དོན་ལས། དང་པོ་མ་གྲུབ་ན། འབྲས་རྟོག་གཉིས་པ་འཆད་པའི་སྐབས་འདིར་ཐ་སྙད་དུ་ཡང་གཟུང་བ་ཕྱི་རོལ་གྱི་དོན་ཁས་ལེན་མི་རིགས་པར་ཐལ། དེ་རྣམ་བདེན་པའི་ལུགས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཐ་སྙད་དུ་ཕྱི་དོན་ཁས་ལེན་པ་རྣམ་བདེན་པའི་གཞུང་ལས་གསལ་བར་ཅུང་ཟད་ཀྱང་མ་བཤད་པའི་ཕྱིར། འདོད་མི་ནུས་ཏེ། སྐབས་འདིར་ཐ་སྙད་དུ་ཕྱི་དོན་གཞལ་བྱར་བྱེད་པའི་འབྲས་རྟོག་ཁས་ལེན་རིགས་པའི་ཕྱིར་ཏེ། ཊཱིཀྐར། སློབ་དཔོན་གྱིས་ཕྱི་རོལ་གྱི་དོན་ལ་རང་རིག་པའི་འབྲས་བུའི་རྟོག་པ་གཉིས་པ་གསུངས་པ་ཡིན་ནོ། །ཞེས་དང་། ཞེས་པས་སོ། །ཅུང་ཟད་དཔྱད་པའི་སྐབས་ན་ཤེས་པ་ཁོ་ནའི་ཆ་ཤས་ལས་རྡུལ་ཕྲན་བདེན་པར་གྲུབ་པ་ཞིག་མདོ་སྡེ་པ་འདི་པས་གཏན་ནས་མི་འདོད་དེ། སྐུ་གསུམ་ངོ་སྤྲོད་ལས། དེ་ལྟ་ན་རང་སྡེ་དངོས་པོར་སྨྲ་བ་དག་དོན་དམ་བདེན་པ་བདེན་གྲུབ་ཏུ་ཡོད་པའི་མཚན་གཞིའང་སེམས་ཉིད་ལ་གཙོ་བོར་ཞེན་པ་སྡེ་བས་ནི་ཡིད་ཀྱི་རྣམ་ཤེས་སྐད་ཅིག་མ་དོན་དམ་བདེན་པའི་རྒྱུ་འབྲས་སུ་འདོད་ལ། སེམས་ཙམ་པས་ནི་ཀུན་གཞི་རྣམ་ཤེས་སྐད་ཅིག་མ་དོན་དམ་བདེན་པའི་རྒྱུ་འབྲས་སུ་འདོད་པ། ཞེས་གསུངས་པ་གང་ཞིག སྐབས་དེར་བསྟན་གྱི་རང་སྡེ་དངོས་པོར་སྨྲ་བ་དོན་དམ་བདེན་པ་བདེན་གྲུབ་ཏུ་ཡོད་པའི་མཚན་གཞི་སེམས་ཉིད་ལ་གཙོ་བོར་ཞེན་པའི་སྡེ་བ་དེ་མདོ་སྡེ་པ་ལས་གཞན་སུ་ལའང་འོས་མེད་པའི་ཕྱིར། འདི་ལྟར་ན་བྱེ་སྨྲའི་ཤིན་ཏུ་དཔྱད་པའི་བདེན་གཉིས་ཀྱི་རྣམ་བཞག་དང་མདོ་སྡེ་པའི་མ་བརྟགས་མ་དཔྱད་པའི་བདེན་གཉིས་ཀྱི་རྣམ་བཞག་གཉིས་པོ་ཤིན་ཏུ་མཐུན་པ་དང་མདོ་སྡེ་པའི་ཅུང་ཟད་དཔྱད་པའི་རྣམ་བཞག་ནི་སེམས་ཙམ་རྣམ་བདེན་པ་དང་མཐུན་ཕྱིར། ཇི་སྐད་བཤད་པའི་དོན་དེ་ལྟར་གོ་ན་སྐབས་རེར་རང་རྒྱལ་གྱི་ལྟ་བ་མདོ་སྡེ་པར་སྦྱར་བ་དང་སྐབས་རེར་རྣམ་བདེན་པར་སྦྱར་བ། དེ་བཞིན་དུ་རིགས་གཞུང་རྒྱ་མཚོ་ལས། ཞར་ལ་ཐེག་པ་ཐ་ཤལ་གྱི་བདེན་གཉིས་ཀྱི་རྣམ་བཞག་བསྟན་པའི་ཕྱིར། ཞེས་སོགས་དང་། སྐུ་གསུམ་ངོ་སྤྲོད་ལས། མདོ་སྡེ་པས་བདེན་གཉིས་འཇོག་ཚུལ་ལྟར་སྔ་མ་ལྟར་ལ། ཞེས་དང་། ངལ་གསོ་ལས། བྱེ་མདོ་རྣམས་ནི། བསལ་ན་དེ་བློ་མི་འཇུག་པ་དེ་ཀུན་རྫོབ་པའི་ཡུལ་ཡུལ་ཅན་དང་། བསལ་ན་དེ་བློ་འཇུག་པ་དེ་དོན་དམ་བདེན་པའི་ཡུལ་ཡུལ་ཅན་དུ་འཇོག་ལ། དེའི་དོན་ཀྱང་སྤྱི་མཚན་གྱི་རིགས་འདྲ་ཐམས་ཅད་ཀུན་རྫོབ་དང་། རང་མཚན་གྱི་དོན་ཤེས་མ་འདྲེས་པ་རྣམས་དོན་དམ་དུ་བཞག་ལ། དེ་ལྟར་གྱི་ཚེ་ན་ནི་ཁྱོད་ཀྱིས་གང་དུ་བཤད་པའི་བདེན་གཉིས་ཀྱི་རྣམ་གཞག་དེ་འདྲ་བ་དེ་བྱེ་མདོ་གཉིས་ཀྱིས་ཀྱང་ཁས་མི་ལེན་ན། ཞེས་སོགས་གསུངས་པ་རྣམས་འགལ་མེད་གནད་གཅིག་ཏུ་ཤེས་ནུས་པར་འདུག་གོ །འོན་ཀྱང་དེ་དག་གི་ཚུལ་རྒྱས་པར་གཞན་དུ་འབྲི་ཟིན་པས་འདིར་མི་སྤྲོ། །དེས་ན་ཁོ་བོས་ནི་རང་རྒྱལ་འདི་མདོ་སྡེ་བ་ཁོ་ན་ལ་སྦྱར་རོ། །འོན་ཀྱང་ཀུན་བཏུས་སུ་ཉན་ཐོས་ཀྱི་སྡེ་སྣོད་ལ་ཉིད་ལ་བརྟེན་པར་བཤད་དེ། ཇི་སྐད་དུ། ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང་། ཞེས་གསུངས་པ་ལ་སྐྱོན་མེད་དོ། །མདོ་སྡེ་པའི་སྡེ་སྣོད་ལའང་ཉན་ཐོས་ཀྱི་སྡེ་སྣོད་ཅེས་བཤད་རུང་བའི་ཕྱིར། རང་རྒྱལ་གྱིས་གཟུང་དོན་སྤོང་བ་ནི་མདོ་རྒྱུད་ཀྱི་དགོངས་པ་ཡིན་འདུག་སྟེ། ཡུམ་རྒྱས་འབྲིང་དང་བྱམས་ཆོས་ནས་གསུངས་པ་ཤེས་གསལ་ལྟར། སྡེ་བཀའ»རྒྱུད་འབུམ"ཅ"༢༢༤ བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེའི་འཕྲེང་བ་ལས། ཉན་ཐོས་ཡེ་ཤེས་ཞི་བ་ཉིད། །གཉིས་མེད་མཆོག་དང་བསེ་རུའོ། །ཞེས་དང་། སྡེ་བསྟན"རྒྱུད"གི"ཨ་ལཾ་ཀ་ཀ་ཤས་མཛད་པའི་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་བ་ཟབ་མོའི་དོན་གྱི་འགྲེལ་བ་ཞེས་བྱ་བ་ལས། ཞི་བ་ཉན་ཐོས་ཡེ་ཤེས་ཉིད། །ཅེས་བྱ་བ་གསུངས་ཏེ། ཕུང་པོ་ཉེ་བར་ཞི་བའི་མཚན་ཉིད་ཅན་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། ཕུང་པོའི་རྣམ་པར་རྟོག་པ་དང་ཉོན་མོངས་པ་དག་བྲལ་བའི་ཕྱིར་རོ། །གཉིས་མེད་ཚོགས་དང་བསེ་རུའོ། །ཞེས་བྱ་བ་ནི་རང་སངས་རྒྱས་བསེ་རུ་ལྟར་སྤྱོད་པ་དང་ཚོགས་ན་སྤྱོད་པ་གཟུང་བའི་དོན་དང་བྲལ་བའི་ཕྱིར། གཉིས་སུ་མེད་པའོ། །ཞེས་གསུངས་པ་སོགས་ལ་བསམ་དགོས་པར་འདུག་གོ །ཟབ་དོན་འདི་དག་གི་སྐབས་སུ་སྟོན་པ་ཉིད་ཀྱི་གསུངས་དང་འགལ་ན་ཤིང་རྟ་ཆེན་པོ་དག་གི་གསུང་ཡིན་ནའང་བཞག་པར་བྱ་བ་ལས་ཐབས་གཞན་མེད་དོ་སྙམ་པས་ལུང་རིགས་ཀྱི་ལམ་ནས་ཞིབ་ཏུ་དཔྱད་དགོས། རྟོགས་རིགས་ཀྱི་སྐབས་འདིར་རང་སངས་རྒྱས་ཀྱིས་གཞིའི་ཆོས་ཉིད་རྟོགས་པའང་ཤེས་དགོས་ཏེ། སྡེ་བསྟན”སེམས་ཙམ”ཞི”༢༨༦ བསྡུ་བར། དེ་བཞིན་ཉིད་གང་ཞེ་ན། ཆོས་བདག་མེད་པས་རབ་ཏུ་ཕྱེ་བ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། མངོན་པར་བརྗོད་པ་ཚིག་ཐམས་ཅད་ཀྱི་གཞིའི་གནས་སུ་མ་གྱུར་པའི་དངོས་པོ་གང་ཡིན་པའོ། །ཡང་དག་པའི་ཤེས་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྒྱུ་གཉིས་སུ་བལྟ་བར་བྱ་སྟེ། གཅིག་ཏུ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །ཡང་དག་པའི་ཤེས་པ་གཅིག་ཏུ་འཇིག་རྟེན་ལས་འདས་པ་གང་ཞེ་ན། གང་གིས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་ཉིད་རབ་ཏུ་རྟོགས་པར་བྱེད་པའོ། །དེས་བྱང་ཆུབ་སེམས་དཔའ་རྣམས་རིག་པའི་གནས་ལྔ་པོ་དག་ལ་སྦྱོར་བར་བྱེད་པ་ན། དེ་བཞིན་ཉིད་ཤེས་པ་ཐམས་ཅད་དུ་འགྲོ་བས་དེ་ལ་ལན་མང་དུ་གནས་ཤིང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ཡང་དག་པར་འཐོབ་པར་བྱེད་པའོ། །ཡང་དག་པའི་ཤེས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གང་ཞེ་ན། གང་གིས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཡང་དག་པའི་ཤེས་པ་དང་པོས་དེ་བཞིན་ཉིད་རབ་ཏུ་རྟོགས་ནས། འཇིག་རྟེན་ལས་འདས་པའི་ཤེས་པ་དང་པོའི་རྗེས་ལས་འཐོབ་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པས་རྣམ་པར་གཞག་པའི་བདེན་པ་དག་ལ་ཁམས་གསུམ་པ་ལས་ཡིད་སྐྲག་པར་བྱེད་པ་དང་། ཁམས་གསུམ་པ་རབ་ཏུ་ཞི་བའི་རོ་མྱོང་བར་བྱེད་ཅིང་དེ་ལ་ལན་མང་དུ་གནས་པ་ཉིད་ཀྱིས་མྱུར་བ་མྱུར་བ་ཁོ་ནར་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་འཐོབ་པར་བྱེད་པའོ། །དེ་ཡང་མ་འདྲིས་པའི་དོན་གྱིས་ནི་འཇིག་རྟེན་ལས་འདས་པ་ཡིན་ལ། ཐ་སྙད་ཀྱི་མཚན་མ་ལ་དམིགས་པའི་དོན་གྱིས་འཇིག་རྟེན་པ་ཡིན་པས། དེའི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་དང་། གཞིའི་སྙིང་པོའི་རིགས་རྟོགས་པའི་ཕྱིར་ཏེ། བརྟེན་པའི་ཆོས་ཀྱི་བྱེ་བྲག་གི་དོན་རྟོགས་པའི་རིམ་པ་ཡིན་པར་ཞྭ་དམར་ཉུང་ངུ་རྣམ་གསལ་དང་བུ་ལུང་སྙེ་སོགས་ལས་གསལ་བའི་ཕྱིར། འོ་ན་ཀརྨ་འཕྲིན་ལས་པའི་དྲིས་ལན་སྣང་གསལ་སྒྲོན་མེ་ལས། ཐེག་པ་དམན་ལ་ཆོས་ཀྱི་བདག་མེད་པ། །ཅུང་ཟད་ཙམ་ཡང་རྟོགས་པ་མེད་དོ་ཞེས། །བདག་གིས་སྔ་ནས་ཡང་ཡང་སྨྲས་པའི་ཕྱིར། །རྫོགས་པར་རྟོགས་ད་རྫོགས་པར་མ་རྟོགས་པའི། །རྣམ་པར་དབྱེ་བ་འོ་སྐོལ་གྱིས་མི་ཤེས། །ཞེས་སོགས་དང་། རྒྱུད་བླ་མར། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་རྣམས་ཀྱི་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་སོགས་གསུངས་པ་དང་མི་འགལ་ལམ་ཞེ་ན། འདི་དག་གི་དོན་རྒྱས་པར་གཞན་དུ་འབྱུང་བས་འདིར་རྒྱས་པར་མ་སྤྲོས་སོ། །མདོར་ན་རང་རྒྱལ་གྱི་ལྟ་བ་མདོ་སྡེ་པར་སྦྱར་ནས་བཤད་པས་གཞན་ལུགས་ཀྱི་རྣམ་བདེན་པའི་ལྟ་བ་དེ་རང་ལུགས་ཀྱི་མདོ་སྡེ་པའི་ལྟ་བ་ཡིན་ལ། གཞན་གྱི་རྣམ་རྫུན་པའི་ལྟ་བ་དེ་ངེད་ཚོའི་ལུགས་ཀྱི་རྣམ་བདེན་པའི་ལྟ་བ་ཡིན་ཞེས་དོན་ལ་གྲུབ་པ་ཡིན་ནོ། །འདི་ལྟར་བཤད་པས་མདོ་སྡེ་པའི་གྲུབ་མཐའི་ལྟ་བ་ནི་ཐེག་ཆེན་གྱི་ལྟ་བ་ཡིན་ལ་ཉམས་སུ་ལེན་པའི་གང་ཟག་ནི་སྤྱོད་པའི་ཆ་ནས་ཐེག་ཆེན་མ་ཡིན་པར་ཟད། གང་ཟག་ཐེག་ཆེན་དང་གྲུབ་མཐའ་ཐེག་ཆེན་འཇོག་ཚུལ་སོ་སོར་ཕྱེ་ཤེས་པ་གལ། ཞྭ་དམར་སྤྱན་སྔ་ཆོས་ཀྱི་གྲགས་པས་མདོ་སྡེ་སྤྱིའི་རྣམ་པར་བཞག་པ་གསུང་རབ་རིན་པོ་ཆེ་མཆོག་ཏུ་གསལ་བར་བྱེད་པའི་སྣང་བ་ཞེས་བྱ་བ་ལས། འཁོར་ལོ་བར་པ་བཤད་པ་ལ་གཉིས་ཏེ། འཁོར་ལོ་ཉིད་གང་ཡིན་པ་དང་། དེ་རྒྱས་པར་བསྟན་པའོ། །དང་པོ་ལའང་། དེ་སྟོན་པའི་མདོ་དང་། དེ་ལ་སྤྱོད་པའི་གང་ཟག་གོ །དང་པོ་ནི། ཐབས་ཀྱི་ཕྱོགས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་དང་། ཕ་རོལ་དུ་ཕྱིན་པ་བྱ་རྒོད་སྤུངས་པར་གསུངས་པའི་རྒྱས་པ་དང་། འབྲིང་དང་། བསྡུས་པ་དག་དང་། མཉན་དུ་ཡོད་པར་གསུངས་པའི་བདུན་བརྒྱ་དང་སུམ་བརྒྱ་པ་ལ་སོགས་པ་འཆད་པར་འགྱུར་བ་རྣམས་ཡིན་ནོ། །གཉིས་པ་ནི། བཀའ་དེ་ལ་ཞུགས་པའི་གང་ཟག་ནི་རྣམ་པ་གསུམ་ཡིན་ཏེ། མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་བ་དང་། དབུ་མ་པའོ། །དེ་ལ་མདོ་སྡེ་པ་ནི། ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་པ་གྲུབ་ཆེན་མཚོ་སྐྱེས་དང་མངའ་བདག་མཻ་ཏྲི་པ་ཡབ་སྲས་བཞེད་དོ། །ཞེས་སོ། །རྒྱུ་མཚན་དེ་དག་གིས་ཕྱིར་མདོ་སྡེ་པའི་ལྟ་བ་དང་རང་སངས་རྒྱས་ཀྱི་ལྟ་བ་གཉིས་པོ་གཅིག་ཏུ་སྦྱར་བ་འདི་ནི་ནི་ཅི་འདྲའི་དོན་ལ་གནས་པ་ཞིག་རེད་ཨང་། ཞིབ་ཏུ་བསམ་པས་རང་སངས་རྒྱས་ཀྱི་ལྟ་བ་སེམས་ཙམ་རྣམ་བདེན་པ་དང་སྦྱར་བ་དང་མདོ་སྡེ་པར་སྦྱར་བ་གཉིས་མི་འགལ་བའི་ཚུལ་ཡང་གོ་ནུས་ཏེ། གཞན་གྲགས་ཀྱི་རྣམ་བདེན་པ་དང་ངིད་ཀྱི་མདོ་སྡེ་པ་དེ་གཉིས་ཀྱི་མཐར་ཐུག་གི་ལྟ་བ་མཐུན་པར་ཟད་པས་སོ། །ཚུལ་འདི་ནི་ཚད་དང་ལྡན་པའི་གཞུང་གི་གོང་ལེགས་པར་བསྒྲིགས་པའི་གྲུབ་དོན་ཡིན་ཏེ། སྡེ་བསྟན"རྒྱུད"ཝི"༢༡༨ གཉིས་མེད་རྡོ་རྗེའི་མི་ཟད་པའི་གཏེར་མཛོད་ཀྱི་འགྲེལ་བ་ལས། མདོ་སྡེ་པ་ནི་རང་སངས་རྒྱས་ཉིད་དེ། །རྟེན་འབྲེལ་བཅུ་གཉིས་རྒྱུན་དང་ལུགས་ལས་བཟློག །ཞེས་དང་། ༢༢༠ དེ་ལ་ཉན་ཐོས་མདོ་སྡེ་པ་བློ་རབ་ཏུ་གྱུར་པ་ནི་རང་སངས་རྒྱས་ཉིད་ཡིན་ཏེ། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་རྒྱུ་ལས་འཁོར་བ་འབྱུང་བ་དང་། ལུས་དེ་དག་ལ་བཀག་ཅིང་བཟློག་པས་དེ་བཀག་པས་ནི་ཐར་པའི་འབྲས་བུ་ཐུན་མོང་མ་ཡིན་པ་ཐོབ་པར་འདོད་དོ། །ཞེས་སོགས་གསུངས་པས་སོ། །འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མན་ངག་ལྟ་ཕྲེང་གི་འགྲེལ་བ་ལས། དེ་ལྟར་གསུངས་པ་ནི་ཉན་ཐོས་ཐེག་པ་དང་བྱེ་སྨྲའི་ཐེག་པ། རང་རྒྱལ་ཐེག་པ་དང་སེམས་ཙམ་པའི་གྲུབ་མཐའ། བྱང་སེམས་ཐེག་པ་དང་དབུ་མའི་གྲུབ་མཐའ་རྣམས་རྣམ་བཞག་ཙམ་གྱི་སྒོ་ནས་སྦྱར་ཏེ་འཆད་པར་དགོངས་པའི་ཚུལ་ནི་རྗེ་བཙུན་བྱམས་པའི་མན་ངག་དང་མཐུན་ནོ། །ཞེས་དང་། གཞན་ཡང་དེ་ལྟར་གསུངས་པའི་ལུང་ཚིག་མང་མོད་ཀྱང་། དེ་ལྟར་ན་མདོ་སྡེ་པའི་གྲུབ་མཐའ་ནི་ཟུར་དུ་ལྷག་པས་ཐེག་པ་གསུམ་དང་གྲུབ་མཐའ་བཞི་སྦྱར་བའི་རིམ་པ་འཁྲུགས་པར་གྱུར་པའི་རྟགས་མངོན་པ་མིན་ནམ། དེ་ཙམ་དུ་མ་ཟད་ཙནྡྲ་གོ་མིའི་མཚན་བརྗོད་ཀྱི་འགྲེལ་བར་སེམས་ཙམ་པ་དང་རྣལ་འབྱོར་སྤྱོད་པ་གཉིས་ཀ་བྱང་སེམས་ཀྱི་ཐེག་པར་སྦྱར་བ་དང་། མི་ཟད་པའི་གཏེར་མཛོད་ཀྱི་འགྲེལ་བ་སོགས་ནས་རང་རྒྱལ་གྱི་ཐེག་པ་མདོ་སྡེ་པར་སྦྱར་བའི་ཚུལ་རྣམས་གོང་ལེགས་པར་བསྒྲིགས་ན་གྲུབ་མཐའ་བཞི་དང་ཐེག་པ་གསུམ་གྱི་རྣམ་བཞག་ཇི་ལྟར་སྦྱར་བའི་ཚུལ་མ་ནོར་བར་ཤེས་པར་ནུས་སོ། །གཞན་ཡང་རྒྱ་གཞུང་ན་རང་རྒྱལ་གྱི་ཐེག་པ་སེམས་ཙམ་པར་སྦྱར་བ་ཞིག་སྣང་དཀའ་བ་མིན་ནམ། ཉན་རང་གི་སྤངས་རྟོགས་ལ་ཁྱད་མེད་པར་བཞེད་པའི་རྒྱ་གར་གྱི་སློབ་དཔོན་རྣམས་ཀྱིས་ནི་ཉན་རང་གཉིས་ཀའང་བྱེ་སྨྲ་སྦྱར་བ་དང་། ལུགས་གཅིག་ལ་ཉན་ཐོས་ཀྱི་ཐེག་པ་བྱེ་སྨྲའི་གྲུབ་མཐའ། རང་རྒྱལ་གྱི་ཐེག་པ་མདོ་སྡེ་པའི་གྲུབ་མཐའ། བྱང་སེམས་ཀྱི་ཐེག་པ་དབུ་སེམས་ཀྱི་གྲུབ་མཐར་སྦྱར་བའི་རིམ་པ་ཞིག་ཀྱང་རྒྱ་གཞུང་ན་སྣང་ངོ་། །ཕྱི་མ་འདི་ལྟར་ན་གྲུབ་མཐའ་བཞི་ལྷག་ཆད་ཀྱི་སྐྱོན་གང་ཡང་མེད་པར་ཐེག་པ་གསུམ་དང་སྦྱར་བའི་རིམ་པ་ཞིག་བྱུང་བས་ཁོ་བོ་ནི་བཤད་ཚུལ་ལ་དེ་བློ་འཐད་པ་བྱུང་ངོ་། །བཤད་བྱ་མང་དུ་འདུག་ནའང་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱ། འོ་ན་མདོ་སྡེ་པ་དང་རྣམ་བདེན་རྫུན་གྱི་ཁྱད་པར་ཞིབ་ཏུ་ཕྱེ་དགོས་སོ་ཞེ་ན། ཁུངས་ལྡན་གྱི་གཞུང་ལས་འབྱུང་བ་ལྟར་བཤད་པར་བྱ་སྟེ། ཕྱི་དོན་ཚུགས་ཐུབ་ཏུ་མ་གྲུབ་པར་གཟུང་འཛིན་གྱི་རྣམ་པ་གཉིས་ཀ་བདེན་པར་འདོད་པ་མདོ་སྡེ་པ། སེམས་ཙམ་རྣམ་བདེན་པས་འཁྲུལ་བར་སྣང་བའི་སྣང་བ་དེ་དོན་ལ་མ་གྲུབ་ཀྱང་དེ་ཉམས་སུ་མྱོང་བའི་རང་རིག་གྲུབ་ཅེས་བཤད། རྣམ་རྫུན་པས་དེ་མི་འཐད་ཅིང་ཤེས་གང་ཡིན་ཀྱང་འཁྲུལ་བར་སྣང་བ་ནི་བག་ཆགས་ཀྱི་མཐུས་ཡིན་པ་ལས་དེ་ཉམས་སུ་མྱོང་བའི་ཤེས་པ་ཞིག་ག་ལ་གྲུབ་ནུས། དེས་ན་མཐར་ཐུག་གསལ་མྱོང་ཙམ་དུ་གནས་པ་ལས་གཞན་གང་དུ་མ་གྲུབ་ཅེས་སྨྲའོ། །མདོ་སྡེ་པས་གཟུང་རྣམ་འདོད་ཅིང་རྟོག་པའི་སྣང་ཆ་ནས་བཞག་པའི་གཟུང་རྣམ་དེ་ཉིད་ལ་སྤྱི་ཞེས་རྣམ་འགྲེལ་གྱི་གཞུང་ལས་གྲུབ་ཅིང་རྣམ་པ་དེ་ཉིད་ལ་དོན་སྤྱི་ཞེས་མིང་བཏགས། རྣམ་བདེན་པས་གཟུང་རྣམ་བདེན་མེད་དུ་འདོད་ཅིང་འཛིན་རྣམ་གྲུབ་པར་འདོད། རྣམ་བརྫུན་པས་ཕྱི་དོན་མ་གྲུབ་པར་བཞེད་པ་མ་ཟད་རྣམ་པའི་རྣམ་བཞག་མི་འཇོག་པར་བྱེ་སྨྲ་དང་མཐུན། འདི་དག་གི་ཚུལ་ལ་བཤད་པ་མང་ནའང་ཕྱག་ཆེན་རྒྱ་གཞུང་དག་དང་མཐུན་པར་སྨྲས་པ་ཡིན་ཏེ། དེ་ཁོ་ན་བཅུ་པ་དང་མི་ཟད་པའི་གཏེར་མཛོད་ཀྱི་འགྲེལ་བ་དང་གཞན་ཡང་མཻ་ཏྲི་པ་དང་མཚོ་སྐྱེས་པའི་གཞུང་སོགས་དང་མཐུན་པར་རོ། །ཕྱི་དོན་ཚུགས་ཐུབ་ཏུ་གྲུབ་མིན་འདོད་པའི་ཆ་ནས་རྣམ་པའི་རྣམ་བཞག་འཇོག་མིན་གྱི་ཚུལ་ཞིག་ཀྱང་བྱུང་བར་སྣང་སྟེ། ཕྱི་དོན་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་ན་རྣམ་པ་ཟེར་བའི་ཡུལ་གཞན་ཞིག་དགོས་པ་མེད་པར་རྗེན་གཅེར་དུ་འཛིན་ཐུབ་པའི་ཕྱིར་ན་ཕྱི་དོན་བདེན་གྲུབ་ཏུ་སྨྲ་བའི་བྱེ་སྨྲས་རྣམ་མེད་རྗེན་གཅེར་དུ་འཛིན་པར་ཁས་བླང་པ་ཡིན། ཕྱི་དོན་ཚུགས་ཐུབ་ཏུ་གྲུབ་པ་མེད་ན་ཕྱི་དོན་ནི་བཏགས་པ་ཙམ་ལས་རྗེན་གཅེར་དུ་འཛིན་ནུས་ཚུལ་ཞིག་མེད་པའི་ཕྱིར་ན་ཕྱི་དོན་བདེན་མེད་དུ་སྨྲ་བའི་མདོ་སྡེ་པ་དང་རྣམ་བདེན་པས་རྣམ་པའི་སྒོ་ནས་འཛིན་པར་བཤད་པ་ཡིན་ནོ་སྙམ། མདོ་སྡེ་པ་ལ་ལུང་རིགས་ཀྱི་རྗེས་འབྲང་སོ་སོར་ཕྱེ་ནས་བཤད་དགོས་པ་མ་ཡིན་ནམ་ཞེ་ན། ཡོངས་སུ་གྲགས་པ་ལྟར་བྱས་ན་དེ་ལྟར་ཡིན་མོད་ཀྱང་། ཞིབ་ཏུ་དཔྱད་ན་ལུང་རིགས་རྗེས་འབྲང་གི་མདོ་སྡེ་པ་སོ་སོར་ཕྱེས་པའི་རྒྱ་གཞུང་ཁུངས་ཐུབ་གར་ཡང་མི་སྣང་བ་དང་། དེ་ཙམ་དུ་མ་ཟད་རྗེ་བཙུན་མི་བསྐྱོད་རྡོ་རྗེའི་དགོངས་གཅིག་འགྲེལ་ཆེན་རྟེན་འབྲེལ་ཚོམས་ཀྱི་རྣམ་བཤད་ལས་ཟུར་མཆན་ཞིག་ཏུ། བོད་ཀྱི་མཁས་པ་གང་དག་ལུང་དང་རིགས་པར་སྨྲ་བའི་མདོ་སྡེ་པ་ཞེས་རྒྱ་གར་ན་གཉིས་སུ་མ་གྲགས་པས་འདིའི་ཁྱད་པར་ཡང་རྟོག་བཏགས་ཡིན་ལ། ཞེས་སོགས་བཤད་པ་ལའང་དཔྱད་དགོས་པ་ཅུང་ཟད་རེ་སྣང་བས་སོ། །ལུང་རིགས་རྗེས་འབྲང་གི་མདོ་སྡེ་པ་ཞེས་ཁྱད་པར་སོ་སོར་ཕྱེས་པའི་རྒྱ་གཞུང་གི་ཁུངས་ཐུབ་ཅིག་ཡོད་ན་སྟོང་འདེབས་པར་བྱ།
རིན་བྲལ་གདམས་ངག་བང་མཛོད་གཞུང་བཟང་ལ། །
ཡུན་རིང་གོམས་པའི་ཤེས་རབ་ཀྱིས་དཔྱད་ནས། །
ངེས་ཤེས་ལེགས་དྲངས་ཐུན་མིན་ཞིབ་ཆའི་ཚིག །
སོར་མོའི་རྩེ་ནས་འཆོར་འདི་ཨེ་མ་རྨད། །
ཅེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་དོ། །
བཞི་པ་ཆོས་སྟོན་ཚུལ་གྱི་སྐོར་ནས་བཤད་པ་ལ། སྤྱིར་ཡོངས་གྲགས་ལ་སྒྲ་མེད་ལུས་ཀྱི་སྒོ་ནས་ཆོས་སྟོན་པ་ཞེས་བཤད་པ་རེད་ཅེས་ཟེར་རུང་ལུས་ཀྱིས་ཆོས་སྟོན་པར་བཤད་པ་ནི་ཐེག་དམན་གྱི་ལུགས་ཡིན་ནམ་སྙམ་པ་ཞིག་བྱུང་། ཐོག་མེད་ཀྱིས་གཞུང་གང་དག་ལས་ལུས་ཀྱིས་བསྟན་པ་བཤད་པ་དེ་ལ་དཔྱད་པར་བྱ། སེང་བཟང་གི་འགྲེལ་ཆེན་དུ་མདོ་སྡེ་གཞན་དག་ལས་ཀྱང་རང་སངས་རྒྱས་རྣམས་ལུས་ཀྱིས་ཆོས་སྟོན་པ་ཞེས་བྱའོ་ཞེས་གསུངས་པ་དང་། འདུལ་བའི་སྐོར་གྱི་བཀའ་མང་པོ་ཞིག་ལས་ལུས་ཀྱིས་སྟོན་པ་བཤད་ཀྱང་མཚོན་བྱེད་ཙམ་དུ་སྨྲས་ན། སྡེ་བཀའ"འདུལ་བ"ཀ"༤༥ འདུལ་བ་གཞི་ལས། དེ་ཕྱོགས་གཅིག་ཏུ་སོང་ནས་མཁན་པོ་མེད་པ་དང་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་ པའི་ཆོས་སུམ་བཅུ་རྩ་བདུན་བསྐྱེད་ནས་རང་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེས་བསམས་པ། བདག་གིས་དྲང་སྲོང་དེ་ལ་ཁས་བླངས་པས་སོང་ལ་དེ་ལ་ཉེ་བར་བསྟན་པར་བྱའོ་སྙམ་མོ། །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི་ཚིག་གིས་མི་སྟོན་པས་དེ་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར། ཞེས་སོགས་འདུལ་བར་གཏོགས་པའི་བཀའ་རྣམས་ལས་གསུངས་པས་སེང་བཟང་གིས་མདོ་སྡེ་གཞན་དག་ལས་ཀྱང་ཞེས་གསུངས་པ་མིན་ནམ་སྙམ། འོན་ཀྱང་ཐེག་དམན་གྱི་མདོ་ཡིན་པས་ཐེག་དམན་གྱི་ལུགས་ཡིན་ཀྱང་སྲིད་པ་རེད། མདོ་སྡེ་ལས་བརྒྱ་ཐམ་པའི་ནང་དུའང་གསུངས་རུང་ཐེག་དམན་གྱི་མདོ་རེད། གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་པའི་མདོའི་ནང་དུ་ཡོད་ཀྱང་ཐེག་དམན་གྱི་མདོ་རེད། དེ་དག་ལས་ཡིད་ཀྱི་གོམས་པས་ཆོས་སྟོན་པའི་ཚུལ་མ་བཤད་པར་ལུས་ཀྱིས་ཆོས་སྟོན་པར་བཤད་པས་ཐེག་དམན་ལུགས་ཡིན་ནམ་སྙམ་པ་ཞིག་བྱུང་། ཐེག་ཆེན་གྱི་བཀའ་དག་ཏུ་ལུས་ཀྱིས་སྟོན་པར་བཤད་པ་ཞིག་མེད་དམ་སྙམ་པ་ཞིག་བྱུང་བ་མ་ཟད། ཐེག་ཆེན་གྱི་བཀའ་རྣམས་ནས་རང་རྒྱལ་གྱི་ཆོས་སྟོན་ཚུལ་འགའ་ཞིག་གསུངས་པ་ནའང་ཡིད་ཀྱི་གོམས་པས་ཆོས་སྟོན་ཚུལ་ཞིག་ལས་ལུས་ཀྱི་ཆོས་སྟོན་ཚུལ་ཞིག་མ་གསུངས་ཏེ། སྡེ་བཀའ"རྒྱུད"ན"༡༡༥ འཇམ་དཔལ་རྩ་རྒྱུད་ལས། སངས་རྒྱས་མཐའ་ཡས་པས་བྱིན་གྱིས་བརླབས་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་དང་། སངས་རྒྱས་ཀྱི་ཞིང་གཞན་གྱི་སངས་རྒྱས་ཡོངས་སུ་སྤངས་པའི་རང་སངས་རྒྱས་ བཅོམ་ལྡན་འདས་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་རྣམས་སེམས་ཅན་རྣམས་ཀྱི་དོན་མཛད་པ་ནི་ཅང་མི་གསུང་བ་གོམས་པས་ཆོས་ཀྱི་ཚུལ་ཡང་དག་པར་སྟོན་པ་ཡིན་ཏེ། ཞེས་དང་། སྡེ་བཀའ"རྒྱུད"ཙ"༢༡༧ འཕགས་མ་སྒྲོལ་མའི་རྩ་བའི་རྟོག་པ་ཞེས་བྱ་བ་ལས། རང་སངས་རྒྱས་བཅོམ་ལྡན་འདས་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་རྣམས་སེམས་ཅན་རྣམས་ཀྱི་དོན་མཛད་པ་ནི་ཅང་མི་གསུང་པར་གྱུར་པ་ལྷག་པར་གནས་པས་ཆོས་ཀྱི་ཚུལ་ཡང་དག་པར་སྟོན་པ། ཞེས་སྔ་མ་ལྟར་གསུངས་སོ། །བོད་རྣམས་ཡོངས་གྲགས་ཞེས་ལུས་ཀྱིས་ཆོས་སྟོན་ཚུལ་བཤད་པ་ནི་ཐེག་པ་ཆེ་ཆུང་གི་རྣམ་བཞག་ཇི་ལྟར་མ་མཁྱེན་པར་ཟད་དོ་སྙམ་ལ། ལུས་ཀྱིས་ཆོས་སྟོན་པར་བཤད་པ་དེ་དག་ནི་ཐེག་དམན་གྱི་ལུགས་དང་ཡིད་ཀྱིས་སྟོན་པར་བཤད་པ་ནི་ཐེག་ཆེན་པའི་ལུགས་ཞེས་བདག་སྨྲའོ། །ངག་གིས་ཆོས་སྟོན་པས་ཡེ་ཤེས་ཀྱི་རྩལ་རྟོག་པར་འགྱུར་ན་ལུས་ཀྱིས་སྟོན་པས་ཀྱང་འགྱུར་ཏེ་ཞེས་སོགས་བཤད་པ་ནི་ཐེག་ཆེན་པས་ཐེག་དམན་གྱི་འདོད་པ་འགོག་པའི་རིགས་པ་ཞིག་ཡིན་མ། སྐབས་འདིར་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ནི་གཞན་དང་མི་འདྲ་བ་ཁྱད་པར་ཅན་ཞིག་ཏུ་སྣང་སྟེ། རྟོགས་སྣང་ལས། རང་སངས་རྒྱས་སྒྲ་མེད་དུ་ལུས་ཀྱི་ཆོས་སྟོན་ཞེས་འཆད་པ་དག་ནི་བབ་ཅོལ་སྟེ། ལུས་ངག་གི་རྣམ་པར་རིག་བྱེད་ལ་ཀུན་སློང་དགོས་མི་དགོས་ཁྱད་པར་མེད་པས་ངག་གིས་ཆོས་བསྟན་པས་ཤེས་པའི་རྩལ་རྟོགས་ན་ལུས་ཀྱིས་བསྟན་པས་ཀྱང་རྟོགས་པའི་ཕྱིར་རོ། །དེས་ན་རང་སངས་རྒྱས་ཀྱི་ཡིད་ལ་ཚིགས་སུ་བཅད་པ་བསམ་པས་ལྷའི་དབང་པོའི་ཐེ་ཚོམས་བསལ་བར་མདོ་ལས་གསུངས་པ་ལྟར་ཡིད་ཀྱིས་ཆོས་སྟོན་པ་ཡིན་ནོ། །ཞེས་སོ། །བདག་གི་བཤད་པ་འདི་ལ་བསམ་བློ་སྐོར་སའི་རྒྱུ་མཚན་མེད་པ་ཞིག་མིན་ཏེ། འགྲེལ་ཆེན་ནས་ཀྱང་མདོ་སྡེ་གཞན་དག་ལས་ཀྱང་ལུས་ཀྱིས་སྟོན་པར་བཤད་ཅེས་གཞན་དག་སྨོས་པ་དང་། བཀའ་ཡི་ནང་དུ་བལྟས་པས་ཀྱང་ཐེག་དམན་གྱི་བཀའ་ལས་ཐེག་ཆེན་གྱི་བཀའི་ནང་དུ་ལུས་ཀྱིས་ཆོས་སྟོན་ཚུལ་ཞིག་མི་འབྱུང་བ་གང་ཞིག ཡིད་ཀྱི་ཆོས་སྟོན་ཚུལ་ནི་ཐེག་ཆེན་གྱི་བཀའི་ནང་གི་མདོ་རྒྱུད་དག་ལས་འབྱུང་གི་ཐེག་དམན་གྱི་བཀའི་ནང་དུ་ཆེར་མི་འབྱུང་བའི་ཕྱིར་ནའོ། །གལ་ཏེ་ངས་མ་མཐོང་བ་ཙམ་ཞིག་ཡིན་གྱི་དོན་དངོས་ཐོག་ཏུ་ཐེག་ཆེན་བཀའི་ནང་དུ་རང་རྒྱལ་གྱིས་ལུས་ཀྱིས་ཆོས་སྟོན་ཚུལ་སོགས་དང་ཐེག་དམན་གྱི་བཀའི་ནང་ནས་ཡིད་ཀྱིས་ཆོས་སྟོན་ཚུལ་ཞིག་འདུག་ན་གསུངས་དང་ཁོ་བོས་ཁྱེད་ལ་བཀའ་དྲིན་ཆེ་ཞེས་གྲངས་མང་ཞུ་ལགས་སོ། །མདོར་ན་བོད་རྣམས་ཀྱིས་བཤད་པ་ཕལ་ཆེ་བ་ཞིག་ལ་བཀའ་བསྟན་གྱི་ཁུངས་བཙལ་བས་རྙེད་དཀའ་བར་འདུག་པས་ཁོ་བོས་ནི་བཀའ་རང་གི་རྗེས་སུ་འཇུག་ཅི་ཐུབ་བྱ་བ་ལས་ཅི་ཡིན་འདི་ཡིན་མེད་པའི་གཏམ་འགའ་ལ་ཤི་འཐམ་རོ་འཐམ་བཟོ་མ་འདོད་དོ། །དམིགས་བསལ་ཞུ་བྱ་ཞིག་ལ་ངས་མ་མཐོང་བས་མེད་ངེས་རེད་ཅེས་བཤད་ཀྱིན་མེད་ལ་གལ་ཏེ་ངས་མ་མཐོང་བ་ཞིག་འདུག་ཚེ་གསུངས་དང་བཀའ་དྲིན་ཆེ་དང་གུས་པས་འདུད་ཅེས་ཞུ་འི་ཡོད་དོ། །ཇི་སྐད་བཤད་པའི་དོན་འདི་དག་ནི་རང་གི་བསམ་བློའི་འཁོར་བསྐྱོད་ལས་རྣམ་པར་བཞག་པ་ཁོ་ན་ཡིན་གྱི་གཞན་ལས་བཤུས་པའང་མ་ཡིན་ལ་གྲྭ་སའི་ཞལ་རྒྱུན་ཟེར་བའི་སྐད་གྲགས་ཅན་པོ་དེ་འདྲའང་མ་ཡིན། ཡིན་ན་མིན་ན་གཞུང་ལུགས་འགའ་ཞིག་ལ་ཤི་འཐམ་རོ་འཐམ་བྱེད་པའི་ལུགས་སྲོལ་དེའི་ལམ་ནས་ཀྱང་བྲིས་པ་མིན། སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་འགྲེལ་དྲི་མ་མེད་པའི་རྒྱ་འགྲེལ་དག་ལ་གཞིར་བཅས་ནས་རང་གི་ལྟ་གྲུབ་བམ་གོ་ཤེས་གང་བྱུང་བ་དེ་ཙམ་ཞིག་བྲིས་པ་ཡིན་པས་གཞུང་ལུགས་ག་གེ་མོ་དང་མཐུན་གྱི་མི་འདུག་ཟེར་ནས་མ་སྨོད་རོགས། སྡེ་བསྟན"རྒྱུད"ཧ"༡༧༦ གསང་འདུས་སྒྲོན་གསལ་དུ་ཟླ་བས། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ལྷག་པར་མོས་པ་རྣམས་ཀྱི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀོན་མཆོག་གསུམ་ལ་དད་པ་བསྐྱེད་པས་འགྲོ་བའི་དོན་བྱེད་པ་ནི། སྟོན་པ་ཞེས་བྱ་བ་དེ་ཡང་གཙོ་བོར་ནི་ལུས་དང་ངག་གིས་བྱེད་དོ། །དེ་ཡང་རང་སངས་རྒྱས་རྣམས་ལ་ནི་གཞན་གྱི་ལུང་ལ་བརྟེན་པ་མེད་པས། དེ་མེད་ཀྱི་གཞན་དུ་ན་ཆོ་འཕྲུལ་ཡ་མ་ཟུང་ལ་སོགས་པ་རྨད་དུ་བྱུང་བ་སྟོན་པས། དེས་འདུལ་བ་རྣམས་ཀྱི་དོན་གྱི་བྱ་བ་བྱེད་པས་དེ་དག་ནི་ལུས་ཀྱིས་སྟོན་ཏོ། །དེ་བས་ན། རྡོ་རྗེ་སྐུ་ལ་རབ་ཏུ་གནས། །ཞེས་བྱ་བ་གསུངས་ཏེ། ངག་གི་སྟོན་པ་མེད་པས་སེམས་ཅན་རྣམས་འཇུག་པར་འགྱུར་བའི་རྒྱུར་གྱུར་པའི་ལུས་ཀྱི་སྡོམ་པ་གང་ཡིན་པ་དེ་ཡང་སྟོན་པ་དང་འདྲ་ཞིང་རབ་ཏུ་རྟག་པ་སྟེ་ཐོག་མ་མེད་པའི་དུས་ཅན་ནོ།།དམ་ཚིག་ནི་རང་སངས་རྒྱས་ཀྱི་རིགས་ཅན་དང་འཚམ་པའི་སྡོམ་པའོ། །ཞེས་ལུས་ཀྱི་སྒོ་ནས་ཆོས་སྟོན་ཚུལ་ཞིག་བཤད་ཀྱང་ཐེག་ཆེན་ཐུན་མིན་གྱི་ལུགས་ཡིན་པར་མ་སེམས་སོ། །
མཁས་པ་འདིས་གསུངས་ཟེར་བའི་ལུང་འདྲེན་དེ་མང་རུང་། །
སངས་རྒྱས་དམ་པའི་བཀའ་ལུང་འདྲེན་མཁན་དེ་ཉུང་སོང་། །
བཀའ་ལས་བསྟན་བཅོས་གཙོ་བའི་གངས་ཅན་གྱི་ཡུལ་ནས། །
ལྟ་བའི་གད་རྒྱངས་ཆེན་པོ་བསྒྲོག་མཁན་ཞིག་འབྱུང་ཤོག །
ཞེས་བྱ་བ་འདི་ནི་ཤེས་རབ་མཆོག་ལྡན་ནམ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་བྲིས་པ་དགེའོ། །
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
ཆོས་བརྒྱུད་དྲ་བ།
རྩོམ་རིག་དྲ་བ།
དམ་ཆོས་དྲ་བ།
དཔེ་མཛོད་དྲ་བ།