བཀའ་བརྒྱུད་དྲ་བར་ཕེབས་བསུ་ཞུ།
དཔྱད་རྩོམ།
ཀརྨ་པ་དུས་གསུམ་མཁྱེན་པ་དང་འབྲི་གུང་འཇིག་རྟེན་གསུམ་མགོན་བར་གྱི་འབྲེལ་བ་ལ་དཔྱད་པ།
རྩོམ་ཁུངས། | རྩོམ་པ་པོ།རྩིས་ཆེ་ལེགས་མཐོང་། | སྤེལ་དུས། 2020-11-05 | 428 བཀླགས་གྲངས། | 分享到:
དེ་ཡང་ཀརྨ་པ་དུས་གསུམ་མཁྱེན་པ་དང་འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གཉིས་ནི་བཀའ་བརྒྱུད་ཙམ་མ་ཡིན་པར་བོད་གངས་ཅན་གྱི་ལོ་རྒྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མཁན་ཡིན་པ་ནི་བཤད་མ་དགོས། འོན་ཀྱང་དེ་གཉིས་ཀྱི་བར་འབྲེལ་བ་བྱུང་མྱོང་ཡོད་པའི་སྐོར་ལོ་རྒྱུས་མང་པོའི་ནང་དུ་འཁོད་ཡོད་ན་ཡང་འབྲེལ་བ་ནམ་བྱུང་བ་དང་བྱུང་ཚུལ་སོགས་ལ་ད་དུང​་དཔྱད་པར་བྱ་བ་དང་དོགས་གཞི་མེད་པ་ནི་མ་ཡིན་པས་འདིར་ཅུང་ཟད་ཅིག་དཔྱད་པར་འདོད།


                            རྩིས་ཆེ་ལེགས་མཐོང་།

  དེ་ཡང་ཀརྨ་པ་དུས་གསུམ་མཁྱེན་པ་དང་འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གཉིས་ནི་བཀའ་བརྒྱུད་ཙམ་མ་ཡིན་པར་བོད་གངས་ཅན་གྱི་ལོ་རྒྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མཁན་ཡིན་པ་ནི་བཤད་མ་དགོས། འོན་ཀྱང་དེ་གཉིས་ཀྱི་བར་འབྲེལ་བ་བྱུང་མྱོང་ཡོད་པའི་སྐོར་ལོ་རྒྱུས་མང་པོའི་ནང་དུ་འཁོད་ཡོད་ན་ཡང་འབྲེལ་བ་ནམ་བྱུང་བ་དང་བྱུང་ཚུལ་སོགས་ལ་ད་དུང་དཔྱད་པར་བྱ་བ་དང་དོགས་གཞི་མེད་པ་ནི་མ་ཡིན་པས་འདིར་ཅུང་ཟད་ཅིག་དཔྱད་པར་འདོད།

དང་པོ། འབྲེལ་བ་བྱུང་བའི་ཁུངས་ལ་དཔྱད་པ།

  ཆོས་བྱུང་མཁས་པའི་དགའ་སྟོན་ཙམ་ལས་དེའི་སྔོན་དུ་ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པ་སོགས་དུས་གསུམ་མཁྱེན་པའི་རྣམ་ཐར་ཡིག་རྙིང་རྣམས་སུ་དུས་མཁྱེན་དང་འཇིག་རྟེན་གསུམ་མགོན་འབྲེལ་བ་བྱུང་ཚུལ་སྐོར་ཅུང་ཟད་ཙམ་ཡང་མི་གསལ་ཞིང་། དེབ་ཐེར་དམར་པོའི་ནང་དུ་ཡང་མི་གསལ། དེབ་སྔོན་ནང་དུ། དང་པོར་དུས་གསུམ་མཁྱེན་པ་འབྲི་ཁུང་དུ་བྱོན་ཏེ། ཁྱེད་ནི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཡིན་ནོ་ཞེས་ཞུས། ཞེས་པ་ཙམ་ཞིག་འབྱུང་། ཁ་གསལ་ཤོས་དང་ཁུངས་བཙུན་ཤོས་ནི་འཇིག་རྟེན་གསུམ་མགོན་གྱི་དབོན་པོ་ཡིན་པའི་སྤྱན་སྔ་ཤེར་འབྱུང་ངམ་ཡོངས་གྲགས་སུ་འབྲི་གུང་གླིང་པ་ཞེས་གྲགས་པས་མཛད་པའི་འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་རྣམ་ཐར་རྡོ་རྗེ་རིན་པོ་ཆེ་འབར་བ་ལྟར་ན། འཇིག་རྟེན་གསུམ་མགོན་གྱིས་འབྲི་གུང་མཐིལ་བཞེངས་ནས་ལོ་ཤས་སོང་རྗེས་ཕག་མོ་གྲུར་ཕེབས། དེ་རྗེས་སྟོན་ཀ་འབྲི་གུང་དུ་ཕེབས་པ་ན་ཀརྨ་པ་དུས་གསུམ་མཁྱེན་པ་ཡང་དེར་ཕེབས་པ་སྟེ། རྣམ་ཐར་རྡོ་རྗེ་རིན་པོ་ཆེ་འབར་བ་ལས། དེ་ནས་སྟོན་ཁ་འབྲི་གུང་དུ་བྱོན། དུས་རིང་ཞིག་ལོན་པ་ན། བླ་མ་གནས་ནང་པ་བྱོན། སྤྱན་སྔ་ཉིད་ནས་འབམ་ཐང་གི་བར་དུ་བསུ་བ་མཛད། བུ་རམ་དེ་ལས་ཆེ་བ་མེད་པར་གྲགས་པ་དང་། བསྙེན་བཀུར་དང་འབུལ་བ་རྒྱ་ཆེན་པོ་མཛད། གསུང་གླེང་མང་པོ་ཡང་མཛད་དེ། བླ་མའི་ཞལ་ནས་ཀྱང་རྗེ་རིན་པོ་ཆེ་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཡིན་པར་འདུག་གསུང་ངོ་། ཞེས་གསུངས། འོན་ཀྱང་འདིའི་ནང་དུ་ཕན་ཚུན་ཆོས་གསན་མིན་དང་དག་སྣང་གཟིགས་པ་སོགས་ནི་འཁོད་མེད།

གཉིས་པ། འབྲེལ་བ་ནམ་བྱུང་བ་ལ་དཔྱད་པ།

   དེང་དུས་འབྲི་གུང་གི་མཁས་པ་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་འབྲི་གུང་ཆོས་བྱུང་ལས། སྔ་གོང་ཉིད་ནས་སྒམ་པོ་སྐྱོང་བཞིན་པར་གྲུབ་ཐོབ་དབུ་སེ་ལ་ཡར་བྱོན་པར་བསྐུལ་བས་ཕེབས་པར་འབམ་ཐང་ནས་བསུས་ཏེ་གདན་སར་ཞབས་སོར་འཁོད་པ་ན། ཐུབ་དབང་སྲས་ཀྱིས་བསྐོར་བར་གཟིགས་ཏེ་ཆོས་འབྲེལ་གསན་རེས་མཛད་དེ་ཁོང་གིས་ཆོས་རྗེ་ལ་ཉིད་ཀླུ་སྒྲུབ་ཀྱི་སྤྲུལ་པ་ཡིན་པ་བླ་མ་རིན་པོ་ཆེས་གསུངས་གསུངས། ཞེས་འབྱུང་། སྤྱན་སྔ་ཤེར་འབྱུང་གིས་མཛད་པའི་རྣམ་ཐར་དུ་དུས་མཁྱེན་དང་མཇལ་འཕྲད་བྱུང་བའི་ཐད་ལོ་ཚིགས་བཀོད་མེད་ཀྱང་། ར་སེ་དཀོན་མཆོག་རྒྱ་མཚོས་དེ་ཉིད་སྐྱོབས་པ་རིན་པོ་ཆེ་ཤིང་འབྲུག་ལོ་སྟེ་དགུང་ལོ་ཞེ་གཉིས་དང་ཤིང་སྦྲུལ་ལོ་སྟེ་དགུང་ལོ་ཞེ་གསུམ་གཉིས་ཀྱི་དཀྱིལ་དུ་བསྒྲིགས་ཡོད། འོན་ཀྱང་ལོ་གྲངས་དེ་གཉིས་ལས་གང་དུ་བརྩིས་ཀྱང་དེ་སྐབས་དུས་མཁྱེན་དང་འབྲི་གུང་འཇིག་རྟེན་གསུམ་མགོན་མཇལ་འཕྲད་བྱུང་མེད། དེའི་རྒྱུ་མཚན་ལོ་དེ་གཉིས་ནི་ཤིང་འབྲུག་སྤྱི་ལོ་༡༡༨༤ ལོ་དང་། ཤིང་སྦྲུལ་༡༡༨༥ ལོ་ཡིན་པ་ལ། དུས་མཁྱེན་གྱི་རྣམ་ཐར་གསེར་གླིང་མ་ལེའུ་བཅོ་བརྒྱད་པ་ཞེས་པ་དུས་མཁྱེན་རང་གི་ཉེ་གནས་སྤྱན་སྔ་གཞོན་ནུ་བྱང་ཆུབ་ཀྱིས་མཛད་པར། དགུང་ལོ་བདུན་ཅུ་རྩ་བཞི་ལ་འབྲི་ཀླུང་དུ་ཡར་བྱོན། ཞེས་གསུངས་པས། དུས་མཁྱེན་ནི་སྤྱི་ལོ་༡༡༡༠ ལོར་འཁྲུངས་པར་རྩོད་པ་མེད་པས་ཁོང་དགུང་གྲངས་དོན་བཞིར་ཕེབས་པ་ནི་སྤྱི་ལོ་༡༡༨༣ ལོ་ཡིན། དེ་རྗེས་རྣམ་ཐར་དེ་ཉིད་དུ་དུས་མཁྱེན་རང་གི་འཁྲུངས་ཡུལ་ཏྲེར་ཕེབས་ནས་ལོ་གཉིས་བཞུགས་པར་གསུངས་པ་སྟེ། དགེ་བཤེས་ཚུལ་ཁྲིམས་མཆོག་འདས་ནས་ལོ་གཉིས་བཞུགས། ཞེས་གསུངས་པ་དེ་ཡི་ལོ་ཚིགས་བརྩིས་ན། གོང་དུ་ར་སེས་གསུངས་པའི་ཤིང་འབྲུག་སྤྱི་ལོ་༡༡༨༤དང་ཤིང་སྦྲུལ་སྤྱི་ལོ་༡༡༨༥ལ་ཏག་ཏག་ཁེལ་གྱི་ཡོད། དེ་རྗེས་ཟླ་སྨད་དུ་བྱོན་ནས་ཀླེའུ་ཀར་མར་དགོན་པ་མཛད་ཅེས་གསུངས་པ་ལ་ཆོས་བྱུང་མཁས་པའི་དགའ་སྟོན་སོགས་ཡོངས་གྲགས་ལོ་རྒྱུས་རྣམས་སུ་ཀརྨའི་དགོན་པ་ཕྱག་བཏབ་པའི་ལོ་དེ་མེ་རྟ་ལོ་ཡིན་པར་གསལ་བ་བཞིན་མེ་རྟ་སྤྱི་ལོ་༡༡༨༦ ལོར་ཏག་ཏག་འགྲིག་པ་ཡིན། རྒྱུ་མཚན་དེ་དག་གིས་འཇིག་རྟེན་གསུམ་མགོན་གྱིས་དགུང་གྲངས་ཞེ་གཉིས་དང་ཞེ་གསུམ་གང་རུང་བཞེས་པའི་དུས་སྐབས་དེར་ཀརྨ་པ་དུས་གསུམ་མཁྱེན་པ་ད་དུང་ཡར་དབུས་སུ་མ་ཕེབས་པ་དེ་ཧ་ཅང་གསལ་པོ་ཡིན་པས་དུས་མཁྱེན་དང་འཇིག་རྟེན་གསུམ་མགོན་མཇལ་འཕྲད་བྱུང་བའི་དུས་ཚོད་དེ་དུས་མིན་པ་ལོ་ཚིགས་བསྒྲིགས་ན་ཧ་ཅང་གསལ་པོ་རེད།

གསུམ་པ། དུས་མཁྱེན་དབུས་སུ་ནམ་ཕེབས་མིན་ལ་དཔྱད་པ།

  ཁོང་གཉིས་མཇལ་འཕྲད་ནམ་བྱུང་མིན་དཔྱད་པ་ལ་གལ་ཆེ་ཤོས་དུས་མཁྱེན་དབུས་སུ་ནམ་ཕེབས་པ་དེ་ཆགས་ཀྱི་ཡོད། དུས་མཁྱེན་གྱི་རྣམ་ཐར་རྣམས་སུ་ཁོང་ནམ་ཞིག་དབུས་སུ་བྱོན་པའི་ལོ་ཚིགས་གསལ་པོ་མེད་ཀྱང་། ཚལ་པའི་བརྒྱུད་ཡིག་དེབ་ཐེར་གསལ་བའི་མེ་ལོང་མཁས་པའི་ཡིད་འཕྲོག་ཏུ་མེ་ལུག་ལོ་སྟེ་སྤྱི་ལོ་༡༡༨༧ ལོར་ཞང་ཚལ་པས་གུང་ཐང་གི་གཙུག་ལག་ཕྱག་བཏབ་ནས་རང་གི་སྐུ་ཚབ་ཏུ་ལྷ་སྐུ་ཞིག་བཞེངས་པ་དེའི་རབ་གནས་ལ་འགྲོ་མགོན་གླིང་རས། སངས་རྒྱས་དབོན(བཀའ་གདམས་ཀྱི་བླ་མ་ཞིག)ཞང་ཚལ་པ་རང་ཉིད། དུས་གསུམ་མཁྱེན་པ་བཅས་ཀྱིས་རབ་གནས་གནང་བར་གསུངས་པ་སྟེ། དེ་ཡང་དེབ་ཐེར་དེ་ཉིད་ལས། རྗེ་དུས་གསུམ་མཁྱེན་པས་ཞང་རིན་པོ་ཆེ་བཏེགས་ནས་རྟེན་ལ་བཞག་ཅིང་། ཁྱོད་ཨེ་ཏེ་ནར་ཐིམ། ཨེ་ཏེ་ན་ཐིམ་གསུང་སྐད། ཅེས་འབྱུང་བ་དེས་དུས་སྐབས་དེར་དུས་མཁྱེན་དངོས་སུ་ཡོད་པར་གསལ་ཞིང་། གླིང་རས་པདྨ་རྡོ་རྗེའི་རྣམ་ཐར་དུ་ཚལ་གུང་ཐང་གི་རབ་གནས་གནང་བར་མི་གསལ་ཡང་སྐུ་འདའ་ཁར་ཚལ་གུང་ཐང་དུ་ཕེབས་རྗེས་ས་སྤྲེལ་ལོ་སྟེ་སྤྱི་ལོ་༡༡༨༨ ལོར་སྐུ་གཤེགས་པར་གསུངས་པས། ཕལ་ཆེར་དུས་གསུམ་མཁྱེན་པ་དབུས་སུ་འབྱོར་བ་དེ་ཚལ་གུང་ཐང་བཞེངས་གྲུབ་པའི་ལོ་རྗེས་མ་དང་གླིང་རས་སྐུ་གཤེགས་པའི་ལོ་སྟེ་སྤྱི་ལོ་༡༡༨༨ ལོར་ངོས་འཛིན་བྱས་ན་ཏན་ཏན་མི་ཤེས་ཀྱང་ཕལ་ཆེར་འགྲིག་པར་མཐོང་།

   ད་དུང་གླིང་རས་དང་དུས་མཁྱེན་མཇལ་འཕྲད་བྱུང་བ་ཡང་གལ་སྲིད་གླིང་རས་ཁམས་སུ་ཕེབས་པའི་སྐབས་སུ་མ་ཡིན་པར་དབུས་སུ་ཡིན་ན་འདི་སྐབས་ལས་མི་ཡོང་བའི་རྒྱུ་མཚན་ཡོད་ཀྱང་འདིར་རེ་ཞིག་གླེང་བར་མི་འདོད། གལ་སྲིད་ལོ་འདིར་ཡིན་པར་ངོས་འཛིན་ན་ལོ་དེར་འཇིག་རྟེན་གསུམ་མགོན་དགུང་གྲངས་ཞེ་དྲུག་ལ་ཕེབས་ཀྱི་ཡོད་ཅིང་དེ་སྐབས་སློབ་མ་ཧ་ཅང་མང་བའི་དུས་ཚོད་མིན་ན་ཡང་སྙན་གྲགས་འབུར་དུ་ཐོན་བཞིན་པའི་སྐབས་ཡིན་པ་དང་འབྲི་གུང་དུ་མུ་མཐུད་བཞུགས་གནང་ཡོད། གང་ལྟར་མ་མཐར་ཡང་ས་བྱ་སྟེ་སྤྱི་ལོ་༡༡༨༩ ལོར་དུས་མཁྱེན་མཚུར་ལྷ་ལུང་དགོན་པར་བཞུགས་པ་དེ་རྣམ་ཐར་མང་པོའི་ནང་དུ་དངོས་སུ་གསལ་ཡོད། ད་དུང་དུས་མཁྱེན་གྱི་རྣམ་ཐར་ཡིག་རྙིང་རྣམས་སུ་དུས་མཁྱེན་ཐོག་མར་མཚུར་ཕུར་འབྱོར་ནས་སྒར་ཕབ། དེ་ནས་ཞང་ཚལ་པའི་སར་ཕེབས་པའི་ཚུལ་གསལ་བ་བཞིན་འབྲི་གུང་འཇིག་རྟེན་གསུམ་མགོན་གྱི་སྙན་པ་གསན་ཏེ་དུས་མཁྱེན་གྱིས་ལྷ་ས་ནས་མལ་གྲོ་གུང་དཀར་རྫོང་དུ་མཇལ་འཕྲད་གནང་བར་ཕེབས་པའམ། ཡང་ན་ཁམས་ནས་དབུས་སུ་འབྱོར་སྐབས་མཚུར་ཕུར་མ་འབྱོར་བའི་གོང་ནས་དུས་མཁྱེན་ཐད་ཀར་འབྲི་གུང་དུ་ཕེབས་པ་གང་ཡིན་དོགས་གཞིར་མཐོང་ལ་སྔ་མ་དེ་ཉིད་བདེན་ཤས་ཆེ་བར་མཐོང་།

བཞི་པ། འཇིག་རྟེན་གསུམ་མགོན་དྭགས་པོར་ནམ་ཕེབས་པ་ལ་དཔྱད་པ།

   དཔའ་བོ་གཙུག་ལག་ཕྲེང་བས། འགྲོ་དོན་མཛད་ཅིང་ལྷོ་རྒྱུད་ལ་ལམ་བཏོན་ནས་དབུས་སུ་བྱོན། རྗེ་འཇིག་རྟེན་མགོན་པོ་སྒམ་པོར་བཞུགས་པས་བླ་མ་རིན་པོ་ཆེའི་གདན་ས་ངེད་ཚ་བོས་འཛིན་དགོས་པའི་སྐབས་བྱུང་། བུ་ཆེན་གྱི་ནང་ན་ཉིད་ལས་ལྷག་པ་མ་མཆིས་པས་ངེད་རྣམས་ཀྱི་མགོན་དུ་ཕེབས་དགོས་ཞེས་གསོལ་བ་བཏབ་ཀྱང་མ་ཕེབས་པར་ལམ་འབྲི་གུང་མཐིལ་བརྒྱུད་པས་རྗེ་འཇིག་རྟེན་མགོན་པོས་འབམ་ཐང་ནས་བསུ་བ་མཛད། ཅེས་དང་། ར་སེ་དཀོན་མཆོག་རྒྱ་མཚོས། དུས་གསུམ་མཁྱེན་པ་དབུ་སེ་ནི། བརྗོད་མ་ཐག་པ་བཞིན་ཁམས་སུ་བཞུགས་སྐབས་ཆོས་རྗེ་རིན་པོ་ཆེས་དྭགས་ལྷ་སྒམ་པོ་སྐྱོང་བཞིན་མཆིས་པས་ ཞེས་དུས་མཁྱེན་དབུས་སུ་མ་ཕེབས་པའི་གོང་དུ་འཇིག་རྟེན་གསུམ་མགོན་གྱིས་དྭགས་ལྷ་སྒམ་པོའི་གདན་ས་བསྐྱངས་པའམ་དྭགས་པོར་བཞུགས་པར་བཤད་མཁན་གཙོ་བོ་ནི་ཁོང་རྣམ་གཉིས་ལས་གཞན་པའི་འབྲི་གུང་གི་ལོ་རྒྱུས་ཁུངས་ལྡན་རྙིང་པ་རྣམས་སུ་གང་དུ་མི་གསལ་བ་ནི་སུས་བལྟས་པས་ཀྱང་ཆོག། ཁོང་རྣམ་གཉིས་ཀྱིས་ཀྱང་ཐད་ཀར་བྲིས་པ་ལས་དེའི་ཁུངས་གང་ཡིན་ཚིག་གཅིག་ཙམ་ཡང་མི་གསལ་ཞིང་། འཇིག་རྟེན་མགོན་པོ་སྒམ་པོའི་གདན་རབས་སུ་ཡང་འཁོད་མེད་པ་དང་ཁོང་གིས་དྭགས་པོ་འདུལ་འཛིན་ལ་རྒྱབ་སྐྱོར་གནང་བ་ལས་དངོས་སུ་གདན་ས་བསྐྱངས་མེད་པ་དེ་ཡང་དེབ་ཐེར་སྔོན་པོའི་ནང་དུ་གསལ་པོར་གསུངས་པས་དུས་མཁྱེན་མ་ཕེབས་པའི་གོང་དུ་འཇིག་རྟེན་གསུམ་མགོན་དྭགས་ལྷ་སྒམ་པོར་བཞུགས་ནས་གདན་ས་ཡུན་རིང་བསྐྱངས་པ་ལྟ་བུའི་ལྟ་གྲུབ་འདི་ནི་སྒམ་པོའི་གདན་རབས་དང་འཇིག་རྟེན་གསུམ་མགོན་གྱི་རྣམ་ཐར་སོགས་འབྲེལ་ཡོད་ཀྱི་ལོ་རྒྱུས་ཁུངས་ལྡན་གང་དུ་ཡང་མེད་པའི་གཏམ་རེད། འབྲི་གུང་རིན་ཆེན་དཔལ་གྱིས་ཕག་གྲུའི་གསུང་རྟེན་རྣམས་སྒམ་པོར་གདན་འདྲེན་ཞུས་པ་ཡང་དུས་ཕྱིས་སུ་སྟེ། དེའི་རྐྱེན་གྱིས་ཐུགས་ཕམ་ནས་སྟག་ལུང་ཐང་པ་སྐུ་གཤེགས་པའི་བཤད་ཚུལ་ཡོད་པ་བཞིན་སྟག་ལུང་ཐང་པ་ནི་ས་འབྲུག་སྤྱི་ལོ་༡༢༠༨ ལོར་སྐུ་གཤེགས་པའི་ཕྱིར།

   ད་དུང་འཇིག་རྟེན་གསུམ་མགོན་གྱི་རྣམ་ཐར་རྙིང་ཤོས་དང་གལ་ཆེ་ཤོས། སྤྱན་སྔ་ཤེར་འབྱུང་གིས་མཛད་པའི་ནང་དུ་ས་ཆ་རེ་རེ་བཞིན་དུ་གང་དུ་ཕེབས་པའི་སྐོར་ཞིབ་ཕྲ་བྲིས་མཛད་ཡོད་ན་ཡང་དུས་མཁྱེན་དང་མཇལ་འཕྲད་མ་བྱུང་བའི་གོང་དུ་འབྲི་གུང་འཇིག་རྟེན་གསུམ་མགོན་དྭགས་ལྷ་སྒམ་པོར་བཞུགས་པའམ་ཕེབས་པའི་སྐོར་ཅུང་ཟད་ཙམ་ཡང་མི་གསལ་ཞིང་སྐྱོབས་པ་རིན་པོ་ཆེའི་རྣམ་ཐར་རྙིང་པ་གྲགས་ཆེ་བ་ད་ཡོད་གང་དུ་ཡང་མི་གསལ། དུས་གསུམ་མཁྱེན་པ་དང་མཇལ་འཕྲད་བྱུང་རྗེས་སྤྱན་སྔ་ཤེར་འབྱུང་གིས་རྣམ་ཐར་དེ་ཉིད་དུ་མུ་མཐུད་གསུངས་པར། དེ་ནས་དགུང་ལོ་བཞི་བཅུ་ཞེ་དགུ་བཞེས་ཏེ་གསུངས་ཤིང་། ལོ་དེའི་རྗེས་སུ་འབྲི་གུང་སྐྱོབས་པ་རིན་པོ་ཆེ་ཚ་ཡུག་དང་། ངམ་ཤོད། ཙ་རི་རྣམས་སུ་ཕེབས་ནས་ད་གཟོད་དྭགས་པོར་ཕེབས་པ་སྟེ། རྣམ་ཐར་ལས། དེ་ནས་དྭགས་པོར་བྱོན་པ་ལ། ཞེས་དང་། དྭགས་ལྷ་སྒམ་པོར་བྱོན་ནས། དྭགས་པོ་འདུལ་བ་འཛིན་པ་ལ་སོགས་པ་ཐམས་ཅད་ཀྱིས་ཆོས་ཞུས་ཤིང་གདན་ས་ཕུལ། ཞེས་སོགས་འབྱུང་བ་ལྟར་ན། སྐྱོབས་པ་རིན་པོ་ཆེ་ནི་རབ་བྱུང་གཉིས་པའི་ཆུ་ཕག་༡༡༤༣ ལོར་འཁྲུངས་པ་ཡིན་པས། དགུང་ལོ་ཞེ་དགུ་བཞེས་པ་ནི་ལྕགས་ཕག་སྤྱི་ལོ་༡༡༩༡ ལོ་ཡིན། ལོ་དེར་དུས་མཁྱེན་དགུང་གྲངས་གྱ་གཉིས་ལ་ཕེབས་ཡོད་པས། དེ་སྐབས་དུས་མཁྱེན་དབུས་སུ་ཕེབས་པ་མ་ཚད་སྤྱི་ལོ་༡༡༨༩ ལོར་མཚུར་ཕུའི་གདན་ས་བཞེངས་ནས་ཀྱང་ལོ་ཤས་སོང་བའི་སྐབས་རེད།

    དུས་མཁྱེན་དབུས་སུ་མ་ཕེབས་པའི་གོང་ནས་སྐྱོབས་པ་རིན་པོ་ཆེས་དྭགས་ལྷ་སྒམ་པོར་གཟིགས་རྟོག་གནང་གི་ཡོད་པ་ནི་ཀརྨ་བཀའ་བརྒྱུད་ཀྱི་དཔའ་བོ་གཙུག་ལག་ཕྲེང་བས་ཐོག་མར་གསུངས་ཤིང་། དེ་རྗེས་ཀམ་ཚང་གི་ལོ་རྒྱུས་ཟླ་བ་ཆུ་ཤེལ་ཕྲེང་བ་སོགས་སུ་གནས་ཚུལ་དེ་ཉིད་འཁོད་ན་ཡང་དེ་དག་གིས་ནི་གཙུག་ཕྲེང་ལས་དཔེ་བཤུས་པ་ཁོ་ན་སྟེ། ཚིག་རྣམས་ཇི་མ་ཇི་བཞིན་དུ་བཀོད་ཡོད་པས་སོ། ། ར་སེ་དཀོན་མཆོག་རྒྱ་མཚོས་ཀྱང་དེ་ཉིད་མཁས་པའི་དགའ་སྟོན་སོགས་ལ་ཁུངས་གཏུགས་པ་ལས་འབྲི་གུང་གི་ལོ་རྒྱུས་ཤིག་ལ་ཁུངས་གཏུགས་པར་མི་སེམས་ཏེ་ཡོངས་གྲགས་འབྲི་གུང་གི་ལོ་རྒྱུས་གང་ལ་ཡང་དེ་ལྟར་བྲིས་མེད་པ་དང་། ཁོང་གིས་འབྲི་གུང་ཆོས་བྱུང་གི་ནང་དུ་ཡང་དེའི་སྔོན་དུ་འཇིག་རྟེན་གསུམ་མགོན་དྭགས་ལྷ་སྒམ་པོར་ཕེབས་པའི་ཚིག་གཅིག་ཀྱང་མེད་པར་དུས་མཁྱེན་ལ་ཐུག་པ་དང་གློ་བུར་དུ། སྔ་གོང་ཉིད་ནས་སྒམ་པོ་སྐྱོང་བཞིན་པར་གྲུབ་ཐོབ་དབུ་སེ་ལ་ཡར་བྱོན་པར་བསྐུལ་བས་ཞེས་འབྱུང་བའི་འཕྲོས་པའི་འཕྲོས་སྟངས་ལ་བལྟས་ན་ཡང་འགོ་མཇུག་གི་གྲ་མ་འགྲིག་པ་ལྟ་བུའི་ཚོར་བ་ཞིག་སྦྱིན། ད་དུང་དུས་མཁྱེན་དབུས་སུ་མ་ཕེབས་པའི་གོང་དུ་སྟེ་སྔ་མོ་ནས་འཇིག་རྟེན་གསུམ་མགོན་དྭགས་ལྷ་སྒམ་པོར་བཞུགས་ནས་གདན་ས་སྐྱོང་བཞིན་ཡོད་ན་དགུང་གྲངས་ཞེ་དགུ་བཞེས་པའི་རྗེས་སུ་ད་གཟོད་དྭགས་པོ་འདུལ་འཛིན་གྱིས་གདན་ས་ཕུལ་བར་སྤྱན་སྔ་ཤེར་འབྱུང་གིས་དངོས་སུ་གསུངས་པས་འཇིག་རྟེན་གསུམ་མགོན་གྱི་རྣམ་ཐར་སྐོར་སྤྱན་སྔ་ཤེར་འབྱུང་བདེན་ཁ་ཆེའམ་གཙུག་ལག་ཕྲེང་བ་དང་ར་སེ་གཉིས་བདེན་ཁ་ཆེ་ཞེས་འདྲི་བར་འདོད།

ལྔ་པ། དུས་མཁྱེན་ནམ་གདན་དྲངས་པ་ལ་དཔྱད་པ།

  འཇིག་རྟེན་གསུམ་མགོན་གྱིས་དུས་མཁྱེན་ནམ་ཞིག་དྭགས་ལྷ་སྒམ་པོར་གདན་འདྲེན་ཞུས་པ་ནི། སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་བཀའ་འབུམ་པོད་ང་པའི་ནང་དུ་བཞུགས་ཤིང་མཚན་བྱང་དུ། དྭགས་ལྷ་སྒམ་པོའི་གདན་ས་དང་བརྒྱུད་འཛིན་རྣམས་ལ་སྔགས་བརྗོད་ཀྱི་འཕྲིན་ཡིག། ཅེས་པ་འདི་ཉིད་དུས་མཁྱེན་ལ་ནམ་ཞིག་བསྐུར་མིན་མཛད་བྱང་དུ་མི་གསལ་ཡང་། དེ་སྐབས་ཁོང་དྭགས་ལྷ་སྒམ་པོར་བཞུགས་ཡོད་པ་ནི། དྭགས་ལྷ་སྒམ་པོའི་དགོན་པ་ནས། །དཔལ་དྭགས་པོ་རིན་ཆེན་ལ་གསོལ་བ་འདེབས།། ཞེས་གསུངས་པ་འདིས་རྟོགས་ཐུབ་པས་དེ་ལྟར་ན་གོང་དུ་བཤད་པ་ལྟར་དུས་མཁྱེན་དབུས་སུ་མ་ཕེབས་པའི་གོང་དུ་འཇིག་རྟེན་གསུམ་མགོན་དྭགས་ལྷ་སྒམ་པོར་བཞུགས་པའི་ལོ་རྒྱུས་ཀྱི་ཁུངས་གང་དུ་ཡང་མེད་པས། འབྲི་གུང་སྐྱོབས་པ་རིན་པོ་ཆེ་དགུང་ལོ་ཞེ་དགུ་བཞེས་པ་སྤྱི་ལོ་༡༡༩༡ ལོ་ཡི་རྗེས་སུ་དྭགས་ལྷ་སྒམ་པོར་དུས་ཚོད་ཐུང་ངུར་བཞུགས་སྐབས་ཀརྨ་པ་དུས་གསུམ་མཁྱེན་པ་ལ་ཕྱག་བྲིས་འདི་ཉིད་བསྐུར་བ་ཡིན་པར་ཆ་འཇོག་བྱས་ན་རྒྱུ་མཚན་ཆེ་བར་སྙམ། ད་དུང་འཇིག་རྟེན་གསུམ་མགོན་དྭགས་པོ་ནས་ཕག་མོ་གྲུར་ཕེབས་ནས་མི་རིང་བར། རྣམ་ཐར་རྡོ་རྗེ་རིན་ཆེན་འབར་བར། དུས་དེའི་གོང་ཙམ་དུ་བླ་མ་ཞང་དང་། མཚུར་ཕུ་བ་རྣམ་གཉིས་གྲོངས་པ་ལ། ཞེས་སོགས་འབྱུང་བས། ཁོང་གིས་དུས་མཁྱེན་དྭགས་ལྷ་སྒམ་པོར་གདན་འདྲེན་ཞུས་པ་དེ་ཁོང་དགུང་གྲངས་ཞེ་དགུར་ཕེབས་པའི་རྗེས་སུ་ངོས་འཛིན་བྱས་ན། དུས་མཁྱེན་ནི་དགུང་གྲངས་གྱ་བཞིར་ཕེབས་མ་ཐག་པའི་ལོ་གསར་གྱི་ཚེས་གསུམ་སྟེ་སྤྱི་ལོ་༡༩༩༣ ལོར་སྐུ་གཤེགས་པས། ཕྱོགས་གཅིག་ནས་དེ་སྐབས་དུས་མཁྱེན་དགུང་གྲངས་གྱ་གཉིས་དང་ཕལ་ཆེར་གྱ་གསུམ་ལ་ཕེབས་ཟིན་ཡོད་ཅིང་། དུས་མཁྱེན་རང་ཉིད་དགུང་གྲངས་གྱ་བཞི་ལས་མི་བཞུགས་པ་ནི་ཁོང་གིས་སྔར་ནས་མཁྱེན་གྱི་ཡོད་པ་དང་། ད་དུང་དེ་སྐབས་དུས་མཁྱེན་རང་ཉིད་ཀྱི་གདན་ས་མཚུར་ཕུ་དགོན་པ་ཡང་བཏབ་ཟིན་པས། སྐྱོབས་པ་རིན་པོ་ཆེས་དྭགས་ལྷ་སྒམ་པོར་གདན་འདྲེན་ཞུས་པ་ལ་དུས་མཁྱེན་གྱིས་ཞལ་བཞེས་མ་གནང་བའམ་མ་ཕེབས་པའི་རྒྱུ་མཚན་གང་ཡིན་ང་ཚོས་ལས་སླ་པོས་རྟོགས་ཐུབ།

ད་དུང་དུས་མཁྱེན་སྐུ་གཤེགས་ལ་ཉེ་སྐབས། དུས་མཁྱེན་གྱི་རྣམ་ཐར་གསེར་གླིང་མ་ལེའུ་བཅོ་བརྒྱད་པ་ལས། ཁ་ཅིག་བླ་མ་གདན་སར་བཞུད་ངེས་ཟེར་ནས་ཐམས་ཅད་ཐེ་ཚོམ་དུ་གྱུར་པ་ལས། ཞེས་སློབ་མ་རྣམས་ཀྱི་ཁྲོད་དུ་འགའ་ཞིག་གིས་བླ་མ་དྭགས་ལྷ་སྒམ་པོར་ཕེབས་འཆར་ཡོད་པ་ཡིན་ནམ་ཞེས་པའི་གླེང་སློང་བྱས་པ་དེ་ཡང་རྒྱུ་མཚན་དང་ལྡན་པ་ཡིན། རྒྱུ་མཚན་དེ་དག་གིས་དྭགས་པོ་འདུལ་འཛིན་གྱིས་གདན་ས་འཛིན་སྐབས་རྗེ་སྒམ་པོའི་གཉེན་ཚན་མ་ཡིན་པར་བརྟེན་ཐོག་མར་གྲྭ་པ་རྣམས་ཀྱིས་ཁོང་ལ་གུས་བརྩི་དེ་ཙམ་མེད་པ་ལ། འཇིག་རྟེན་མགོན་པོས་ཡི་གེ་བསྐུར་ནས་ཁོང་གདན་སར་མུ་མཐུད་བཞུགས་དགོས་པའི་བསྐུལ་མ་གནང་ཞིང་། ཕྱིས་སུ་འཇིག་རྟེན་གསུམ་མགོན་རང་ཉིད་སྒམ་པོར་ཕེབས་སྐབས་དྭགས་པོ་འདུལ་འཛིན་གྱིས་གདན་ས་འཇིག་རྟེན་གསུམ་མགོན་ལ་ཕུལ་བ་ན། འཇིག་རྟེན་གསུམ་མགོན་གྱིས་གདན་ས་ནི་རྗེ་སྒམ་པོ་པ་སྐུ་མཆེད་རྣམས་ཀྱི་སློབ་མ་རྒན་ཤོས་དུས་མཁྱེན་ལ་ཕུལ་ན་རྒྱུ་མཚན་ཤིན་ཏུ་ཆེ་བར་གཟིགས་ཏེ་ཕྱག་བྲིས་བསྐུར་ན་ཡང་དུས་མཁྱེན་གྱི་སྐུ་ཚེའི་ཚད་ལ་ཐུག་པས་ཞལ་བཞེས་མ་ཐོབ་པའི་རྐྱེན་གྱིས་འཇིག་རྟེན་གསུམ་མགོན་གྱིས་སླར་ཡང་དྭགས་པོ་འདུལ་འཛིན་ལ་གདན་ས་སྐྱོང་བར་གདམས་ཏེ་དེ་ལ་ཁོང་གིས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་དང་ཞབས་འདེགས་བསམ་གྱིས་མི་ཁྱབ་པ་བསྒྲུབས་མཛད་པས་ཕྱིས་སུ་སྟོན་པའི་རྒྱལ་ཚབ་ཏུ་གྲགས་པའི་སྒམ་པོའི་གདན་རབས་ཤེལ་དཀར་གྱི་ཕྲེང་བ་ལྟ་བུ་མུ་མཐུད་ཕྱིས་ཀྱི་བར་བྱོན་པ་ནི་ལོ་རྒྱུས་ཧྲིལ་པོ་བསྒྲིགས་ན་གསལ་བར་འགྱུར། གཞན་དུ་མཁས་པའི་དགའ་སྟོན་དང་ར་སེ་དཀོན་མཆོག་རྒྱ་མཚོའི་གསུང་ལྟར་དུས་མཁྱེན་ཁམས་སུ་བཞུགས་སྐབས་འབྲི་གུང་སྐྱོབས་པ་རིན་པོ་ཆེས་དྭགས་ལྷ་སྒམ་པོའི་གཟིགས་རྟོག་གནང་བའི་དོན་དུ་དབུས་སུ་གདན་འདྲེན་ཞུས་པ་བཞིན་དུས་མཁྱེན་དབུས་སུ་ཕེབས་ན་ཡང་། དབུས་སུ་ཕེབས་གྲུབ་རྗེས་དྭགས་ལྷ་སྒམ་པོར་ཕེབས་པའི་ཞལ་བཞེས་མ་གནང་བ་ལྟ་བུའི་སྔ་ཕྱིའི་འབྲེལ་དང་གསལ་བཤད་སོགས་གང་ཡང་མེད་པའི་ལྟ་གྲུབ་འདི་ལ་ཁུངས་གང་ཡང་མེད་པའི་ཁར་དོན་མེད་ཀྱི་དྲི་བ་མང་པོ་ཞིག་ཀྱང་སློང་བར་བྱེད།

   མཁས་པའི་དགའ་སྟོན་དུ། རྗེ་འཇིག་རྟེན་མགོན་པོ་སྒམ་པོར་བཞུགས་པས་བླ་མ་རིན་པོ་ཆེའི་གདན་ས་ངེད་ཚ་བོས་འཛིན་དགོས་པའི་སྐབས་བྱུང་། བུ་ཆེན་གྱི་ནང་ན་ཉིད་ལས་ལྷག་པ་མ་མཆིས་པས་ངེད་རྣམས་ཀྱི་མགོན་དུ་ཕེབས་དགོས་ཞེས་གསོལ་བ་བཏབ་ཀྱང་མ་ཕེབས་པར་ལམ་འབྲི་གུང་མཐིལ་བརྒྱུད་པས་རྗེ་འཇིག་རྟེན་མགོན་པོས་འབམ་ཐང་ནས་བསུ་བ་མཛད། ཅེས་གསུངས་པ་ལ་ཞིབ་ཚགས་པོས་བལྟས་ན་དེ་སྐབས་འཇིག་རྟེན་གསུམ་མགོན་སྒམ་པོར་བཞུགས་ན་ཡང་དུས་མཁྱེན་སྒམ་པོར་མ་ཕེབས་པར་འབྲི་གུང་མཐིལ་བརྒྱུད་ནས་ཕེབས་པར་གསུངས་པ་ནི་སྤྱན་སྔ་ཤེར་འབྱུང་གི་རྣམ་ཐར་དང་འགལ་སྟེ། སྤྱན་སྔ་ཤེར་འབྱུང་གིས་དེའི་སྔོན་དུ་ཕག་གྲུར་བཞུགས་པ་དང་དེ་སྐབས་འཇིག་རྟེན་གསུམ་མགོན་སྟོན་ཁར་འབྲི་གུང་དུ་ཕེབས་ནས་བཞུགས་པ་གསལ་པོར་གསུངས་པའི་ཕྱིར། ཡང་འབྲི་གུང་གི་ལོ་རྒྱུས་དཔེར་ན་འབྲི་གུང་གི་གདན་རབས་གསེར་གྱི་ཕྲེང་བ་སོགས་སུ། དེ་སྐབས་ཀརྨ་པ་དུས་གསུམ་མཁྱེན་པ་ཀམ་པོ་གནས་ནས་མཚུར་ཕུ་འདེབས་པ་སོགས་དོན་ཆེན་པོ་འགའ་ཞིག་སྒྲུབ་པར་འཆད་དུ་བྱོན་པ། ཚུར་ལམ་འབྲི་གུང་དུ་སྐྱོབས་པ་རིན་པོ་ཆེའི་སྙན་པ་གསན་ནས་མཇལ་དུ་བྱོན་པ། འབམ་ཐང་ནས་ཆོས་རྗེ་ཉིད་དགེ་འདུན་འདུས་པར་བཅས་པ། ཞེས་སོགས་ཀྱིས་དེ་སྐབས་འཇིག་རྟེན་གསུམ་མགོན་འབྲི་གུང་དུ་བཞུགས་པ་ལ་ཁོང་གི་སྙན་པ་གསན་ནས་དུས་མཁྱེན་འབྲི་གུང་དུ་ཕེབས་པར་གསུངས་པ་འདིས་མཁས་པའི་དགའ་སྟོན་དང་འདི་གཉིས་ལ་འགལ་བ་ཡོད་པ་གསལ་པོར་བསྟན་ཅིང་འབྲི་གུང་གདན་རབས་ཀྱི་ལོ་རྒྱུས་ལས་འབྱུང་བ་འདི་ཉིད་སྤྱན་སྔ་ཤེར་འབྱུང་སོགས་ཀྱིས་མཛད་པའི་ལོ་རྒྱུས་ཡིག་རྙིང་རྣམས་དང་ཡང་མཐུན་པ་མ་ཟད་མཁས་པའི་དགའ་སྟོན་གྱི་ཚིག་ལྟར་དུས་མཁྱེན་གྱིས་འཇིག་རྟེན་གསུམ་མགོན་ལྷོ་ཁ་ས་ཁུལ་གྱི་སྒམ་པོར་བཞུགས་ཡོད་པ་མཁྱེན་བཞིན་དུ་མལ་གྲོ་གུང་དཀར་རྫོང་དུ་ཡོད་པའི་འབྲི་གུང་དུ་ཕེབས་པ་ནི་འདྲེ་ཤར་ཕྱོགས་དང་གླུད་ནུབ་ཕྱོགས་ཀྱི་དཔེ་ལྟར་རོ། །

   གང་ལྟར་དཔའ་བོ་གཙུག་ཕྲེང་ནི་དུས་རབས་བཅུ་དྲུག་པར་བྱོན་པས་ཁོང་མཁས་པ་ཆེན་པོ་ཡིན་ན་ཡང་དུས་རབས་ཀྱི་བར་དུ་ཆོད་པའི་ལོ་རྒྱུས་ལ་ཁུངས་རྣམ་དག་མེད་ན་སུ་ཞིག་གིས་ཡིད་ཆེས་བྱེད། རྩ་བའི་ཆ་ནས་མཁས་པའི་དགའ་སྟོན་དུ་དུས་མཁྱེན་གྱི་རྣམ་ཐར་གོ་རིམ་རྣམས་དུས་གསུམ་མཁྱེན་པའི་ཉེ་གནས་རྣམས་ཀྱིས་མཛད་པ་དང་ཀརྨ་པ་རང་བྱུང་རྡོ་རྗེའི་བཀའ་འབུམ་དུ་བཞུགས་པའི་ཀརྨ་པ་དུས་གསུམ་མཁྱེན་པའི་རྣམ་ཐར་རྣམས་དང་མི་མཐུན་པ་མང་ཙམ་ཡོད་པ་ནི་ཞིབ་བསྡུར་བྱས་པས་ཤེས་ལ་མཁས་པ་ཆེན་པོ་ཡིན་ན་ཡང་མཁས་པའི་དགའ་སྟོན་ནི་གླེང་གཞི་རྒྱ་ཆེ་བས་ནོར་འཁྲུལ་ཅུང་ཟད་འབྱུང་སྲིད་པ་རེད་ལ་དེ་ཙམ་ལ་ཧ་ཅང་ངོ་མཚར་རྒྱུ་ཡང་ཅི་ཡོད། ཡང་ཕྱོགས་གཅིག་ནས་ང་ཡི་དོགས་པ་འདི་དག་ལ་གཅིག་བྱས་ན་རྒྱུ་མཚན་ཆེན་པོ་གང་ཡང་མེད་སྲིད་དེ་དཔའ་གཙུག་དང་ར་སེ་སོགས་ཀྱི་བཞེད་པ་ལ་ཡང་རྒྱུ་མཚན་ཞིག་དེ་བས་ཀྱང་བགྲང་རྒྱུ་ཡོད་པར་མི་སེམས། འོན་ཀྱང་ནམ་ཞིག་མཁས་དགའ་དང་ར་སེའི་ལྟ་གྲུབ་འཛིན་པ་རྣམས་ཀྱིས་དེ་ཉིད་ཀྱི་ཁུངས་རྣམ་དག་ཅིག་མ་རྙེད་ཚེ་ད་གཟོད་ཁོ་བོའི་ལྟ་གྲུབ་དེ་ཉིད་མ་མཐར་ཡང་འཐད་ཕྱོགས་སུ་འཛིན་ཆོག་པར་སྙམ། སྤྱིར་མཁས་དབང་སི་ཏུ་ཆོས་འབྱུང་ལྟ་བུ་ལ་ཡང་དོགས་གཞི་མ་བྱུང་བའི་ལོ་རྒྱུས་ཀྱི་གནད་དོན་འདི་ཉིད་ད་ལྟ་གནས་སྐབས་ལས་སླ་པོས་ཐག་ཆོད་ཐུབ་པ་ཞིག་ག་ལ་ཡིན། བརྗོད་གཞི་འདི་ཉིད་ཧ་ཅང་གལ་ཆེ་བ་ཞིག་མིན་སྲིད་ཀྱང་བཀའ་བརྒྱུད་པ་རྣམས་ཀྱིས་ཁ་ན་ན་བར་བཤད་པ་དང་ལག་ན་ན་བར་འབྲི་ཡི་ཡོད་པས་ཧ་ཅང་ཁྱབ་ཆེ་བའི་གཏམ་ལ་རྫུན་ཡོད་ན་ནོར་འཁྲུལ་ཀྱང་དེ་བས་ཆེ་བ་ཡིན།

དྲུག་པ། ངོ་མཚར་ཅན་གྱི་གཏམ་རྒྱུད་ལ་དཔྱད་པ།

   དུས་རབས་བཅུ་བདུན་པའི་ནང་དུ་བྱོན་པའི་འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་དགོངས་གཅིག་གི་འགྲེལ་པ་ཉི་མའི་སྣང་བ་ལས། དེ་ལ་འདི་ལྟར་ཡང་ཁམས་པ་དབུ་སེ་ཀམ་པོ་གནས་སུ་བསྒོམ་དུ་བཞུགས་ཚེ་དབུས་གཙང་གི་མི་བྱུང་བ་རྣམས་ལ་དབུས་གཙང་དུས་ཨི་བདེ་དྲིས་པས་མ་བདེ་ཟེར། ཅི་ཉེས་དྲིས་པས། འབྲི་གུང་པ་དང་། ཞང་ཚལ་པ་འཁྲུགས་ཟེར། དེ་གཉིས་དུམ་ཁོང་མིན་པ་གཞན་གྱིས་མི་འོང་བར་དགོངས་ཡར་ཕེབས་ནས་ཐོག་མར་བླ་མ་ཞང་གི་སར་བྱོན་པས། བླ་མ་ཞང་གིས་དམག་གི་ཁྲོད་དང་། ཆོས་ར་དང་། གཟིམས་ཆུང་གསུམ་དུ་སྐུའི་བཀོད་པ་གསུམ་བསྟན། ཐུགས་ཆེས་ཏེ་འབྲི་གུང་དུ་བྱོན་པའི་ལམ་དུ་འཇིག་རྟེན་གསུམ་མགོན་གར་བཞུགས་དྲིས་པས། དབྱར་གནས་ལ་བཞུགས་ཞེས་ཐོས། ཡར་བྱོན་པས་འཇིག་རྟེན་མགོན་པོས་ཚོགས་ཀྱི་སེར་སྦྲེང་དང་བཅས་དབུ་སེ་བསུར་ཕེབས་པས་སྟོན་པ་སངས་རྒྱས་ཉན་ཐོས་ཀྱི་ཚོགས་ཀྱིས་བསྐོར་བར་དབུ་སེས་གཟིགས། སླར་ཡོལ་བ་འགག་ཏུ་སྤྱན་སྔ་བརྒྱད་དང་འབྲི་གུང་པ་ཉིད་སྟོན་པ་ཉན་ཐོས་མཆོག་བརྒྱད་ཀྱིས་བསྐོར་བར་གཟིགས། སླར་ཕེབས་པས་ནང་དུ་ཁྲི་སྟེང་ན་འཇིག་རྟེན་མགོན་པོ་བཞུགས་སྤྱན་སྔ་གྲགས་འབྱུང་དང་། ཤེར་འབྱུང་གཉིས་གཡས་གཡོན་དུ་སྒྲེང་བ་སྟོན་པ་དང་ཤཱ་རིའི་བུ་མོའུ་འགལ་གྱི་བུ་གསུམ་དུ་གཟིགས། བླ་མ་འདི་གཉིས་ལ་ལོག་པའི་ཆོས་མི་མངའ་བར་ཐག་ཆོད། གཡུལ་དུ་ཤི་བ་རྣམས་ཅི་འདྲར་དགོངས་འོད་གསལ་གྱིས་གཟིགས་པས། གཡུལ་དུ་དབུགས་དང་བྲལ་མ་ཐག་བར་དོ་མེད་པར་བདེ་འགྲོར་འགྲོ་བ་གཟིགས། ཡ་མཚན་ཏེ་དེའི་རྒྱུ་ཅི་ཡིན་འཇིག་རྟེན་མགོན་པོ་ལ་ཞུས་པས། ངའི་སེམས་བསྐྱེད་ཡིད་བཞིན་ནོར་བུ་འདིའི་མཐུ་ཡིན་གསུངས། ཤིན་ཏུ་དད་དེ་ཞུས་པས་གནང་། ད་ལྟ་རྣམ་ཐར་དུ་དབུ་སེ་དང་ཉག་སེ་ཞེས་དབུ་སེ་འོང་བ་ཡང་དོན་དེ་ཡིན། ཞེས་པ་ནི་མགོན་པོ་འབྲི་གུང་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་ཅན་གྱི་གཏམ་སོ་བདུན་ཞེས་གྲགས་པའི་གཅིག་འདི་ཡིན་ནོ། ཞེས་འབྱུང་།

   འོན་ཀྱང་ར་སེ་དཀོན་མཆོག་རྒྱ་མཚོས། རྗེའི་རྣམ་ཐར་ངོ་མཚར་གཏམ་གྱི་སོ་བདུན་ཞེས་སྔར་ནས་གྲགས་ཆེ་ཡང་། ད་བར་འདིའོ་ཞེས་པའི་ངོས་འཛིན་ཡོད་པ་མ་མཇལ་ལ། ཞེས་གསུངས་པས། འཇིག་རྟེན་གསུམ་མགོན་དང་དུས་མཁྱེན་བྱོན་པའི་དུས་ཚོད་ནི་དུས་རབས་བཅུ་གཉིས་པ་ཡིན་པ་དང་། འབྲི་གུང་རིག་འཛིན་ཆོས་གྲགས་ནི་དུས་རབས་བཅུ་བདུན་པའི་ནང་དུ་བྱོན་པ་ཡིན་པས་ཁོང་གིས་དུས་རབས་མང་པོས་བར་དུ་ཆོད་པའི་གནད་དོན་ཆེན་པོ་དེ་འདྲ་ངག་རྒྱུན་ཙམ་ལ་ཁུངས་གཏུགས་ནས་མཛད་པའི་དོགས་གཞི་ཆེན་པོ་བྱུང་། ལོ་རྒྱུས་ཀྱི་ལེ་ཚན་འདི་ལ་ཡང་དཔྱད་པར་བྱ་བ་གཉིས་ཏེ། འབྲི་གུང་སྐྱོབས་པ་འཇིག་རྟེན་རིན་པོ་ཆེ་དང་ཞང་ཚལ་པ་འཁྲུགས་པའི་སྐོར་ཞང་གི་རང་རྣམ་དང་དེབ་ཐེར་དམར་པོ་སོགས་ཚལ་པ་བཀའ་བརྒྱུད་ཀྱི་འབྲེལ་ཡོད་ལོ་རྒྱུས་རྣམས། སྐྱོབས་པ་འཇིག་རྟེན་མགོན་པོའི་རྣམ་ཐར་རྡོ་རྗེ་རིན་པོ་ཆེ་འབར་བ་སོགས་གང་དུ་ཡང་མི་གསལ་ཞིང་། ཞང་ཚལ་པས་དམག་འཁྲུག་གནང་སྐབས་གླིང་རས་དང་ཏི་ཤྲི་རས་པ་སོགས་ཀྱིས་སྡོང་གྲོགས་ཞུས་པར་གསལ་བ་དང་། ལྷག་པར་ཞང་གི་མཐའ་མའི་དམག་འཁྲུག་ཆེན་པོའི་སྐབས་གླིང་རས་ལ་ཡང་ཡི་གེ་བསྐུར་ནས་བོས་པ་བཞིན་གླིང་རས་ཀྱིས་སྡོང་གྲོགས་ཞུས། མི་རྣམས་ཀྱིས་གླིང་རས་ལ་འཕྱ་སྨོད་ཤུགས་ཆེན་བྱས་པས་གླིང་རས་ཀྱིས་གང་ལྟར་ང་རང་ལ་ནི་བླ་མའི་དགོངས་པ་རྫོགས་པའི་རེ་བ་ལས་མི་དགེ་བའི་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མེད་པས་འགྱོད་པ་མེད་པར་གསུངས་པ་དང་། གླིང་རས་ཀྱི་རྣམ་ཐར་དུ་ཁོང་གིས་འཇིག་རྟེན་གསུམ་མགོན་ལ་མཐུན་ཕྱོགས་ཀྱི་གུས་བརྩི་ཤིན་ཏུ་ཆེ་བས་ལས་མི་མཐུན་ཕྱོགས་ཀྱི་འགལ་ཟླ་ཡོད་པ་ཚུར་མཐོང་ལ་ཡང་ཡོད་པར་གང་དུ་ཡང་མི་གསལ་ཞིང་། ཏི་ཤྲི་རས་པ་ནི་འཇིག་རྟེན་གསུམ་མགོན་རང་གི་སློབ་མ་ཡང་ཡིན་པས་དེ་དག་གིས་ཞང་གི་གྲོགས་བྱས་ཏེ་འཇིག་རྟེན་གསུམ་མགོན་ལ་འཐབ་རྩོད་མཛད་པ་ཅུང་ཨེ་སྲིད་ན་དྲན། དུས་མཁྱེན་གྱི་རྣམ་ཐར་རྣམས་སུ་ཡང་ཚལ་པ་དང་རྒ་ར་བའི་འཁྲུགས་པ་བསྡུམས་པར་བཤད་པ་ཁོ་ན་ལས་ཚལ་པ་དང་འབྲི་གུང་པའི་འཁྲུགས་པ་བསྡུམས་པའི་སྐོར་གང་དུ་ཡང་འཁོད་མེད། ཚལ་པ་ཀུན་དགའ་རྡོ་རྗེས་ཀྱང་དེབ་ཐེར་དམར་པོ་ལས། མཚར་པ་དང་སྒ་ར་བའི་འཁྲུགས་པ་བསྡུམས། ཞེས་གསུངས་པ་ལས་དེ་དག་གང་དུ་ཡང་ཞང་ཚལ་པ་དང་འབྲི་གུང་པ་གཉིས་འཁྲུགས་པའི་ཟུར་ཙམ་ཡང་མི་གསལ་བའི་རྒྱུ་མཚན་ཅི་ཡིན་ནམ། གང་ལྟར་ཞང་ཚལ་པ་དང་འབྲི་གུང་འཇིག་རྟེན་གསུམ་མགོན་འཁྲུགས་པའི་ལོ་རྒྱུས་འདི་ནི་མ་མཐར་ཡང་ཡོངས་སུ་མ་གྲགས་པའི་གཏམ་ཡིན་པ་བོད་ཀྱི་ལོ་རྒྱུས་སྨྲ་བ་སུར་དྲིས་ཀྱང་ཤེས་པར་འགྱུར་བས་འདི་དག་ལ་བདེན་པའི་ཁུངས་སྟོན་རྒྱུ་མེད་ན་མཁས་པ་དང་གྲུབ་པས་བྲིས་པ་ཙམ་གྱིས་དེང་སང་གི་དུས་སུ་སུ་ཡིས་ཀྱང་ཡིད་ཆེས་པར་མི་འགྱུར་རོ། །

བདུན་པ། སྤྱན་སྔ་གཉིས་མཆོག་ཟུང་གཉིས་སུ་གཟིགས་པར་དཔྱད་པ།

འབྲི་གུང་རིག་འཛིན་ཆོས་གྲགས་སོགས་ཀྱིས་དུས་མཁྱེན་དང་འཇིག་རྟེན་གསུམ་མགོན་མཇལ་འཕྲད་སྐབས་སྤྱན་སྔ་གྲགས་འབྱུང་དང་ཤེར་འབྱུང་གཉིས་པོ་ཡང་འཇིག་རྟེན་གསུམ་མགོན་གྱི་གཡས་གཡོན་དུ་བཞེངས་ནས་ཡོད་པ་ལ་དུས་མཁྱེན་གྱིས་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུའི་རྣམ་པར་གཟིགས་ནས་དད་པ་སྐྱེས་པར་གསུངས་ཀྱང་། སྤྱན་སྔ་ཤེར་འབྱུང་ནི་ར་སེ་སོགས་ཀྱིས་མེ་ལུག་ལོ་སྟེ། སྤྱི་ལོ་༡༡༨༧ ལོར་སྐུ་འཁྲུངས་པར་བཤད་ཅིང་། འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱིས་མཛད་པའི་སྤྱན་སྔ་འབྲི་གུང་གླིང་པའི་རྣམ་ཐར་སྙན་པའི་འབྲུག་སྒྲ་ལས། སྤྲེའུ་ཡི་ལོ་ལ་སྤྱན་སྔ་ཉིད་བལྟམས་པའི་དུས་ནས་བཟུང། ཞེས་གསུངས་པས་ཕལ་ཆེར་མེ་སྤྲེལ་ལོར་འཁྲུངས་པར་འདོད་པ་མིན་ནམ་སྙམ། གང་ལྟར་ཁོང་ནི་རྒྱལ་དབང་དཀོན་མཆོག་རཏྣས་བརྩམས་པ་སྤྱན་སྔ་འབྲི་གུང་གླིང་པའི་རྣམ་ཐར་སྙན་པའི་འབྲུག་སྒྲ་ལྟར་ན། དགུང་ལོ་ཉེར་གཅིག་པ་ལ་དབུས་སུ་བྱོན་པའི་ཚེ་གསུངས་པ་ལྟར་ར་སེ་དཀོན་མཆོག་རྒྱ་མཚོས་ཀྱང་ལོ་དེར་དབུས་སུ་ཕེབས་ནས་འབྲི་གུང་ཐེལ་དུ་ཕེབས་པར་གསུངས་པས། ཁོང་མེ་ལུག་སྤྱི་ལོ་༡༡༨༧ ལོར་འཁྲུངས་པའི་དབང་དུ་བྱས་ན་དགུང་ལོ་ཉེར་གཅིག་ཏུ་ཕེབས་པ་ནི་སྤྱི་ལོ་༡༢༠༧ ལོར་ཡིན། འོན་ཀྱང་དེ་སྐབས་ནི་ཀརྨ་པ་དུས་གསུམ་མཁྱེན་པ་སྤྱི་ལོ་༡༡༩༣ ལོར་སྐུ་གཤེགས་ནས་ལོ་བཅུ་ཕྲག་ལྷག་དང་། ཀརྨ་པཀྵི་ཤིང་བྱི་སྤྱི་ལོ་༡༢༠༤ ལོར་འཁྲུངས་པའི་དབང་དུ་བྱས་ན་ཀརྨ་པཀྵི་འཁྲུངས་ནས་ཀྱང་ལོ་ཤས་སོང་ཡོད། རྒྱུ་མཚན་དེའི་ཕྱིར་དུས་མཁྱེན་དང་འབྲི་གུང་སྐྱོབས་པ་མཇལ་འཕྲད་གནང་སྐབས་སྤྱན་སྔ་ཤེར་འབྱུང་འབྲི་གུང་དུ་ཡོད་པར་བཤད་པ་ནི་ལོ་རྒྱུས་ཚན་རིག་དང་མཐུན་པར་སྨྲ་བ་ལས་ཡོངས་སུ་འགལ་བ་ཡིན།

   ཡང་འབྲི་གུང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་སྤྱན་སྔ་གྲགས་འབྱུང་གི་རྣམ་ཐར་འཁོར་བའི་གཡུལ་ལས་རྣམ་པར་རྒྱལ་བྱེད་ཅེས་པ་ལྟར་ན། སྤྱན་སྔ་གྲགས་འབྱུང་ཤིང་ལུག་ལ་འཁྲུངས་པར་གསུངས་པ་དེ་ནི་སྤྱི་ལོ་༡༡༧༥ ལོ་ཡིན་པ་དུང་དཀར་ཚིག་མཛོད་དུ་ཡང་གསལ། འབྲི་གུང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་རྣམ་ཐར་དུ་ལོ་ཚིགས་མི་གསལ་ཡང་། ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་འབྲི་གུང་ཆོས་འབྱུང་ལས། གདན་རབས་བཞི་པ་སྤྱན་སྔ་གྲགས་འབྱུང་གི་རྣམ་ཐར་དུ། འཁྲུངས་ལོ་གོང་དང་མཚུངས་པར། དེ་ནས་འགྲོ་མགོན་གྱི་སྤྲུལ་པ་དང་མཇལ་ནས། ཁྱེད་ཀྱི་ལས་སྨོན་དབུས་སུ་ཡོད། སྐྱུ་རའི་སྤྱན་སྔར་སོང་གསུང་བས་ལོ་བཅོ་བརྒྱད་པར་བླ་མས་༼བླ་མ་ཡེལ་ཕུག་པ་ ལེགས་མཐོང་གི་མཆན། ༽བསུན་རྟ་དང་གཡོག་གཅིག་གནང་ནས་འཕྲལ་གྱི་ཅི་དགོས་བསྐུར་བས་རག་ཤིའི་འབུལ་སྐྱེལ་དང་བསྡོངས་ནས་འབྲི་གུང་དུ་ཕེབས། ཞེས་གསུངས་པ་ལྟར་ན། སྤྱན་སྔ་གྲགས་འབྱུང་དགུང་ལོ་བཅོ་བརྒྱད་དུ་ཕེབས་པ་ནི་ཆུ་བྱི་སྤྱི་ལོ་༡༡༩༢ ལོ་ཡིན། ལོ་དེར་ཁོང་ཁམས་ནས་དབུས་སུ་བྱོན་པའི་དབང་དུ་བྱས་ན། དུས་མཁྱེན་ལོ་རྗེས་མ་ཆུ་གླང་སྤྱི་ལོ་༡༡༩༣ལོ་ཡི་ལོ་གསར་ཚེས་གསུམ་ལ་སྐུ་གཤེགས་པས་དུས་མཁྱེན་དང་འཇིག་རྟེན་གསུམ་མགོན་མཇལ་འཕྲད་གནང་སྐབས་ལྟ་ཞོགས། ཕྱིས་སུ་དུས་མཁྱེན་སྐུ་གཤེགས་སྐབས་ཀྱང་སྤྱན་སྔ་གྲགས་འབྱུང་འབྲི་གུང་ཐེལ་དུ་འབྱོར་ཡོད་མེད་ཀྱང་བཤད་དཀའ་བ་ཡིན་པས་ལོ་ཚིགས་ཙམ་གྱི་གོ་རིམ་ཡང་མི་འགྲིག་པར་ཆུ་མོ་གངྒཱ་ལས་རིང་བའི་ལོ་རྒྱུས་བཤད་པ་ནི་ཁོ་བོའི་གློ་བར་མི་འབྱིན་ནོ། །

   རྒྱུ་མཚན་དེ་དག་གི་ཕྱིར་དུས་མཁྱེན་དང་འབྲི་གུང་འཇིག་རྟེན་གསུམ་མགོན་མཇལ་འཕྲད་གནང་སྐབས་སྤྱན་སྔ་ཤེར་འབྱུང་དང་གྲགས་འབྱུང་ཡང་དེ་སྐབས་དེར་ཡོད་ཅིང་དེ་དག་ལ་དུས་མཁྱེན་གྱིས་དག་སྣང་ཚད་མེད་པ་གཟིགས་ཤིང་དད་གུས་ཚད་མེད་པ་སྐྱེས་པར་གསུངས་པ་འདི་ཉིད་མ་མཐར་ཡང་ལོ་རྒྱུས་དང་མི་མཐུན་པས་ལོ་རྒྱུས་དངོས་གཙོ་སྨྲ་བ་པོ་ཞིག་གི་ངོས་ནས་ནམ་ཡང་ཁས་ལེན་ཐབས་བྲལ་བ་ཡིན། ཡང་ན་དོགས་གཞི་འདི་ཉིད་ལ་ད་བར་བསམ་གཞིག་མ་བྱས་པར་ད་གཟོད་གཞི་ནས་ཁོང་རྣམ་གཉིས་ཀྱི་གཟུགས་སྐུ་དེ་དུས་དེར་མེད་ཀྱང་ཁོང་རྣམ་གཉིས་ཀྱི་ཆོས་སྐུ་ལྟ་བུ་ཞིག་གཟིགས་པ་རེད་ཅེས་འུ་ཐུག་པའི་གསལ་བཤད་བྱས་ན་ཡང་དེས་དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་པོ་རྣམས་བཞད་གད་སློང་བར་བྱེད་པ་ལས་ཅི། དེར་བརྟེན་མདོར་ན་དུས་མཁྱེན་དང་འབྲི་གུང་འཇིག་རྟེན་གསུམ་མགོན་གྱི་འབྲེལ་བ་བྱུང་ཚུལ་ནི་སྤྱན་སྔ་ཤེར་འབྱུང་གིས་གང་གསུངས་པ་དེ་ཙམ་ལ་ཁུངས་བཅོལ་སྟེ། ང་ཚོས་ཇི་སྲིད་ཁུངས་ཚད་ལྡན་ཞིག་ཐོབ་ན་མ་གཏོགས་གཞན་བླ་མ་གཉིས་པོ་འདི་ཉིད་ཕན་ཚུན་མཇལ་འཕྲད་དང་འབྲེལ་བ་བཟང་པོ་བྱུང་བར་འགྲེལ་བཤད་བྱེད་ན་ཆོག་པ་ལས་རྟོག་བཟོའི་ལྷ་སྒྲུང་དང་ཕན་ཚུན་ཆོས་གསན་རེས་སོགས་གནང་ཡོད་སྲིད་ཅིང་དེ་ལ་སྐྱོན་ཆ་ཅི་ཡང་མེད་ཀྱང་ཁུངས་ཚད་ལྡན་མེད་པར་ཕྱོགས་རིས་ཀྱི་སྒོ་ནས་ཕན་ཚུན་བླ་སློབ་ཏུ་བསྒྲིག་ཅི་ཐུབ་བྱེད་པ་སོགས་ནི་དུས་རབས་ཉེར་གཅིག་པའི་ཁོར་ཡུག་འདིར་གལ་ཆེ་བར་མ་མཐོང་།

བརྒྱད་པ། བསམ་ཚུལ་མཇུག་སྡོམ།

  ཅུང་ཟད་བསམ་ན་ར་སེ་དཀོན་མཆོག་རྒྱ་མཚོས་དུས་མཁྱེན་དབུས་སུ་ཕེབས་སྐབས་འཇིག་རྟེན་གསུམ་མགོན་གྱིས་དྭགས་ལྷ་སྒམ་པོར་གཟིགས་སྐྱོང་གནང་བར་གསུངས་པ་ནི་འབྲི་གུང་གི་ལོ་རྒྱུས་རྙིང་པ་གང་དུ་ཡང་མི་གསལ་བས་ཁོང་གིས་འབྲི་གུང་གི་ལོ་རྒྱུས་ཤིག་ལ་གཞི་བཅོལ་བ་མ་ཡིན་པར་ཆོས་བྱུང་མཁས་པའི་དགའ་སྟོན་ལ་གཞི་བཅོལ་བར་སྣང་ཞིང་། དཔའ་བོ་གཙུག་ལག་ཕྲེང་བས་ནི་དངོས་ཡོད་ལོ་རྒྱུས་འགའ་ཞིག་དང་ངག་རྒྱུན་ལ་ཡང་ཅུང་ཟད་གཞི་བཅོལ་ཏེ་རགས་པའི་ཆ་ནས་དེ་ལྟར་གསུངས་པ་མིན་ནམ་སྙམ། གཞན་དུས་མཁྱེན་གྱི་དག་སྣང་སྐོར་དེ་ཡང་། འཇིག་རྟེན་གསུམ་མགོན་གྱི་ལོ་རྒྱུས་རྣམས་སུ་ས་སྐྱ་ནས་འགྲུ་སྐྱ་མོ་ཞེས་པའི་མཁས་པ་དེ་འཇིག་རྟེན་གསུམ་མགོན་དང་འགྲན་པར་ཡོང་བ་ན། ཞལ་མཇལ་མ་ཐག་འཇིག་རྟེན་གསུམ་མགོན་བསྟན་པའི་བདག་པོ་དངོས་དང་། སྤྱན་སྔ་ཤེར་འབྱུང་དང་གྲགས་འབྱུང་གཉིས་པོ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུར་མཐོང་ནས་རྩོད་པའི་སྐབས་དང་བྲལ་བར་གྱུར་ཞེས་པའི་ལོ་རྒྱུས་འདི་ལ་འཁྲུགས་པའམ་སྦྱར་བ་ཡིན་ལས་ཆེ་བར་མཐོང་། གང་ལྟར་འདི་ཉིད་རྒྱས་པར་འབྲི་འདོད་རྩ་བ་ནས་མེད་ཀྱང་ཕྱོགས་སྔ་རྣམས་སྙན་གྲགས་ཆེ་དྲག་པས་ཁོ་བོ་ལྟ་བུ་ཕྱི་རྒོལ་ཆུང་ངུ་དག་གིས་སྟོབས་དང་རིག་པ་ཡོད་ཚད་མ་བཏོན་ན་སུ་ཞིག་གིས་བདེན་པར་འཛིན། འོན་ཀྱང་ཁོ་བོས་འདིར་བཤད་འདོད་པ་གཙོ་བོ་ནི་འདི་དག་ཐམས་ཅད་མི་བདེན་པར་བསྒྲུབ་འདོད་པ་མ་ཡིན་པར་ལོ་རྒྱུས་དང་མི་མཐུན་པ་ཡང་མང་བས་ང་ཚོས་དེབ་གང་འཚམས་རྙིང་པ་ཞིག་དང་བླ་མ་གང་འཚམས་གལ་ཆེ་བ་ཞིག་གིས་བྲིས་པ་ཙམ་གྱིས་ཚད་མར་འཛིན་ན་མི་འགྲིག་པར་ངེས་པར་དུ་དཔྱད་དགོས་པའི་གནད་དོན་མང་པོ་མཐོང་ཞེས་བཤད་འདོད་པ་ཙམ་ཡིན།

             སྤྱི་ལོ་༢༠༡༣ ལོ་ཟླ་༧ ཚེས་༡༧ ཉིན།

བཀའ་བརྒྱུད་གསེར་ཕྲེང་།