བཀའ་བརྒྱུད་དྲ་བར་ཕེབས་བསུ་ཞུ།
དཔྱད་རྩོམ།
བཀའ་བརྒྱུད་པའི་འདས་མ་ད་གསུམ།
རྩོམ་ཁུངས། | རྩོམ་པ་པོ།རྩིས་ཆེ་ལེགས་མཐོང་། | སྤེལ་དུས། 2020-11-05 | 420 བཀླགས་གྲངས། | 分享到:
དུས་རབས་བཅུ་གཅིག་པའི་མཇུག་ཙམ་དུ་བོད་ལ་ནང་ཆོས་བསྐྱར་དུ་དར་བ་ལ། སྐབས་དེར་རྒྱ་གར་ལ་ཆོས་དང་མན་ངག་སྣ་ཚོགས་པ་ཡོད་པ་རྣམས་བོད་དུ་ནང་འདྲེན་བྱེད་སྐབས་ཆོས་བརྒྱུད་སྣ་ཚོགས་པ་གྱེས་པའི་དབུ་ཚུགས། ཐོག་མའི་ཆར་རྒྱ་གར་ནས་འབྱོར་བའི་བླ་མ་རེ་རེ་ལ་ཆོས་བརྒྱུད་གཅིག་ཙམ་མ་ཡིན་པར་ཁ་ཤས་ཡོད་པ་ལྟར་ཡིན་ན་ཡང་། རིམ་པས་ཆོས་བརྒྱུད་ཁ་ཤས་ནི་མེད་པར་གྱུར། ཁ་ཤས་ནི་གཅིག་གཅིག་ལ་ཐིམ། ཁ་ཤས་ནི་འབུར་དུ་ཐོན་པ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཅེས་པ་དེ་བྱུང་།

རྩིས་ཆེ་ལེགས་མཐོང་།

སྤྱི་ལོ། ༢༠༢༠ ཟླ་༧ ཚེས་༢༨།

དུས་རབས་བཅུ་གཅིག་པའི་མཇུག་ཙམ་དུ་བོད་ལ་ནང་ཆོས་བསྐྱར་དུ་དར་བ་ལ། སྐབས་དེར་རྒྱ་གར་ལ་ཆོས་དང་མན་ངག་སྣ་ཚོགས་པ་ཡོད་པ་རྣམས་བོད་དུ་ནང་འདྲེན་བྱེད་སྐབས་ཆོས་བརྒྱུད་སྣ་ཚོགས་པ་གྱེས་པའི་དབུ་ཚུགས། ཐོག་མའི་ཆར་རྒྱ་གར་ནས་འབྱོར་བའི་བླ་མ་རེ་རེ་ལ་ཆོས་བརྒྱུད་གཅིག་ཙམ་མ་ཡིན་པར་ཁ་ཤས་ཡོད་པ་ལྟར་ཡིན་ན་ཡང་། རིམ་པས་ཆོས་བརྒྱུད་ཁ་ཤས་ནི་མེད་པར་གྱུར། ཁ་ཤས་ནི་གཅིག་གཅིག་ལ་ཐིམ། ཁ་ཤས་ནི་འབུར་དུ་ཐོན་པ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཅེས་པ་དེ་བྱུང་། དེ་རྗེས་དུས་རབས་བཅུ་བདུན་པ་ཙམ་ནས་ཆོས་བརྒྱུད་ཆེན་པོ་གཙོ་བོ་བཞི་ལ་གྱེས་པ་ནི་རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས་བཅས་སོ།། ད་ལྟའི་ཆར་ཆོས་བརྒྱུད་ཁག་བཞི་པོ་ལས་སྐྱོ་ཤོས་ནི་བཀའ་བརྒྱུད་ཡིན་པ་ཟུར་བལྟས་ལེབ་མཐོང་ལྟ་བུ་ཡིན་པས་བཀའ་བརྒྱུད་པ་མང་པོས་ཁས་ལེན་ཀྱང་ཡོད། འོན་ཀྱང་ཐོག་མའི་ཆར་བཀའ་བརྒྱུད་ནི་འབུར་དུ་ཐོན་ཤོས་ཀྱི་ཆོས་ལུགས་ཡིན་པ་ཡང་། དུས་རབས་བཅུ་གཅིག་པའི་ནང་དུ་བོད་ཀྱི་ནང་པ་སངས་རྒྱས་པར་གཙོ་བོ་མདོ་དང་སྔགས་གཉིས་ཡོད་པ་ལས། མདོ་ལ་བཀའ་གདམས་དང་འདུལ་འཛིན་གཉིས་ཡོད། སྔགས་ལ་གསར་མ་དང་རྙིང་མ་གཉིས་ཡོད། གསང་སྔགས་གསར་རྙིང་གཉིས་ཀྱི་ནང་ནས་གསར་མ་སྟོབས་ཤུགས་ཆེ་ཞིང་། དེའི་ནང་ནས་ཀྱང་མར་འགོས་འབྲོག་གསུམ་མཚན་སྙན་ཆེ། མདོ་ཡི་ནང་ནས་གཙོ་བོ་བཀའ་གདམས་པ་རྣམས་དར་ཁྱབ་ཆེ་བས་འདུལ་འཛིན་པ་ཕལ་མོ་ཆེ་བཀའ་གདམས་པར་གྱུར།

 

དེ་ནས་དུས་རབས་བཅུ་གཉིས་པར་དྭགས་པོ་རིན་པོ་ཆེས་མདོ་སྔགས་ཟུང་དུ་འབྲེལ་བའི་དྭགས་པོ་བཀའ་བརྒྱུད་གསར་གཏོད་གནང་བ་ལ། ཆོས་བརྒྱུད་འདིའི་ཆོས་ནི་གཙོ་བོ་བཀའ་གདམས་ཡིན་ཀྱང་བླ་མ་གཙོ་བོ་བཀའ་བརྒྱུད་ཡིན། དྭགས་པོ་རིན་པོ་ཆེས་མར་པ་ནས་བརྒྱུད་པའི་ཆོས་དྲུག་ལ་བཀའ་ཧ་ཅང་དོག་པོ་གནང་ཞིང་། གཙོ་བོ་བཀའ་གདམས་ནས་བརྒྱུད་པའི་ལམ་རིམ་དང་ཕྱག་ཆེན་སོགས་བསྟན་གནང་བས་ཁོང་གི་རྨི་ལམ་ལ་ཡང་བཀའ་གདམས་ཀྱི་ཆོས་ཀྱིས་འགྲོ་དོན་ཆེ་བ་འབྱུང་ཚུལ་གྱི་ལུང་བསྟན་ཡོད་རབས་གསུངས་གནང་མྱོང་ཡོད། དེ་ལྟར་ན་ཡང་བརྒྱུད་པའི་བླ་མ་གཙོ་བོར་མི་ལ་དང་མར་པ་སོགས་འདྲེན་སྲོལ་ཡོད་པ་དེས་བཀའ་གདམས་པ་རྣམས་ཀྱིས་དྭགས་པོའི་བཀའ་བརྒྱུད་འདི་ཉིད་བཀའ་གདམས་ཀྱི་ཁོངས་སུ་མི་འདྲེན་པར་ཕྱག་རྒྱ་པ་ཞེས་བརྒྱུད་པ་གཞན་ཞིག་ཏུ་འདྲེན་པ་དང་། དྭགས་པོ་རིན་པོ་ཆེའི་བརྒྱུད་འཛིན་རྣམས་ཀྱིས་ཀྱང་འདི་ནི་བཀའ་བརྒྱུད་ཡིན་པར་གསུངས་པ་ལས་བཀའ་གདམས་ཀྱི་བྱེ་བྲག་ཡིན་པའི་གསུང་སྲོལ་དེ་ཙམ་མེད། དྭགས་པོ་རིན་པོ་ཆེའི་སྐབས་སུ་བོད་དུ་བླ་མ་གྲགས་ཆེ་ཤོས་གཉིས་ནི་གཙང་གི་ཁུལ་དུ་ས་ཆེན་ཀུན་དགའ་སྙིང་པོ་དང་། དབུས་ཀྱི་ཁུལ་དུ་དྭགས་པོ་རིན་པོ་ཆེ་གཉིས་ཡིན། དེ་གཉིས་ལས་ཀྱང་དྭགས་པོ་རིན་པོ་ཆེ་སྙན་གྲགས་ཆེ་བ་ཡོད།

 

དེ་ནས་ཕག་མོ་གྲུ་པས་དྭགས་པོ་རིན་པོ་ཆེའི་ཞབས་ལ་གཏུགས་ཏེ་མཛད་ཕྲིན་ཧ་ཅང་རྒྱས་པོ་བྱུང་ཞིང་། དེ་ཡི་སློབ་མ་གཙོ་བོ་བརྒྱད་དང་། དྭགས་པོ་རིན་པོ་ཆེ་རང་གི་སློབ་མ་ཀརྨ་པ་དུས་གསུམ་མཁྱེན་པ་བཅས་ཀྱིས་མདོ་དབུ་ཁམས་གསུམ་དུ་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བ་དང་། དྭགས་པོ་རིན་པོ་ཆེའི་སློབ་མའི་སློབ་མ་ཞང་ཚལ་པས་ལྷ་སའི་ཁུལ་དུ་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བས་བཀའ་གདམས་ལས་ཀྱང་བཀའ་བརྒྱུད་དར་ཁྱབ་ཆེ་བ་བྱུང་བས་ཕྱིས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཀྱིས་བཀའ་གདམས་ནུབ་པ་ཡང་བཀའ་བརྒྱུད་པའི་ནོར་འཁྲུལ་ཡིན་པ་ལྟ་བུར་གསུངས་ཡོད། ལྷག་པར་འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱིས་རི་ལ་སྒོམ་བྱེད་པའི་སྒོམ་ཆེན་ཡང་སྟོང་ཕྲག་མང་པོ་མངགས་གཏོང་གནང་བའི་ལོ་རྒྱུས་ཡོད་ཅིང་། འབྲུག་པ་བཀའ་བརྒྱུད་ཀྱི་གཙང་པ་རྒྱ་རས་ཀྱི་སློབ་བརྒྱུད་ཀྱིས་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ཀྱི་ཚུན་ཁྱབ་པའི་ལོ་རྒྱུས་བྱུང་སྟེ། དུས་སྐབས་དེར་བཀའ་བརྒྱུད་ལ་འགྲན་ཟླ་ནུས་པའི་བོད་ཀྱི་ཆོས་བརྒྱུད་སུ་ཡང་མེད། རྙིང་མ་ནི་སྐབས་དེར་ཁྱིམ་ཚང་གི་ཆོས་བརྒྱུད་དང་། ས་སྐྱ་ནི་སྐབས་དེར་ས་གནས་ཀྱི་ཆོས་བརྒྱུད། བཀའ་གདམས་ཀྱང་དབུས་གཙོ་བོར་བྱས་པའི་དགོན་པ་ཁ་ཤས་ལ་དར་བ་ལས་དམངས་ཁྲོད་དུ་དར་ཁྱབ་མི་ཆེ་ཞིང་། བཀའ་བརྒྱུད་ཀྱིས་བལ་བོད་སོགས་ཧི་མ་ལ་ཡའི་ཡུལ་གྲུ་ཕལ་མོ་ཆེར་ཁྱབ་ཟིན་ཡོད།

 

འོ་ན་སྐབས་དེར་བཀའ་བརྒྱུད་དེ་ཙམ་དར་ཁྱབ་བྱུང་བའི་རྒྱུ་མཚན་གང་ཡིན་ནམ་སྙམ་ན། ངས་བསམས་ན་དེ་ལ་རྒྱུ་མཚན་གཙོ་བོ་གཉིས་ཡོད་དེ། ཁོར་ཡུག་གི་ཆ་རྐྱེན་དང་གང་ཟག་གི་ཆ་རྐྱེན་ནོ།། དང་པོ་ཁོར་ཡུག་གི་ཆ་རྐྱེན་ནི་སྐབས་དེར་བོད་ལ་ནང་ཆོས་དར་ཙམ་ཡིན་པས་བོད་པ་རྣམས་ཀྱིས་ཆོས་ལ་ཆོས་ཀྱི་འདུ་ཤེས་ལས་ཆོས་ལ་བླ་མ་དང་དགོན་པ། ཆོས་བརྒྱུད་དང་གྲུབ་མཐའི་རྩོད་གཞི་ལྟ་བུར་ངོས་འཛིན་པའི་བག་ཆགས་ཕལ་ཆེར་མེད་པས་ན་བོད་མི་རྣམས་རབ་ཏུ་བྱུང་སྟེ་ཆོས་ལ་ཞུགས་པ་ཡང་ཆོས་ཉམས་ལེན་བྱས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐབས་དང་། དེ་ཡང་ཚེ་འདི་ཉིད་ལ་འཐོབ་ཐབས་ཡིན་པ་ལས་ཆོས་བརྒྱུད་ཀྱི་ཁ་ཕོ་རྩོད་པ་ལྟ་ཞོག་ཐ་ན་མཁས་པ་ཆེན་པོར་འགྱུར་བའི་དམིགས་ཡུལ་ཙམ་ཡོད་པ་ཡང་དཀའ། དེའི་ཆེད་དུ་སྐབས་དེར་བོད་མི་རྣམས་ཀྱིས་བླ་མ་སུ་བཟང་དང་། ཆོས་གང་ཟབ་བཙལ་ཏེ་གཞུང་ཆེན་ཁག་དང་རིག་གནས་ཀྱི་སློབ་གཉེར་ལས་ཀྱང་མན་ངག་གི་ཉམས་ལེན་གཙོ་བོ་བྱེད་པའི་ལུགས་སྲོལ་དར་ཁྱབ་ཆེ་བ་དེས་གང་ཟག་དེའི་རིགས་ལ་འཕྲོད་ཆེ་ཤོས་ནི་བླ་མ་བཀའ་བརྒྱུད་ཀྱི་གྲུབ་ཐོབ་རྣམས་དང་ཆོས་བཀའ་བརྒྱུད་པའི་མན་ངག་ཕྱག་ཆེན་ལྟ་བུ་གོ་ཡང་བདེ་ལ་ཉམས་སུ་ཡང་ལེན་སྟབས་བདེ་བའི་རྒྱུ་མཚན་གྱིས་ཡིན་ལས་ཆེ།

 

ནང་གི་ཆ་རྐྱེན་ནི་སྐབས་དེའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ནི་རང་རང་གི་དཀའ་སྤྱད་དང་ཡོན་ཏན་གྱིས་འབུར་དུ་ཐོན་ཞིང་མཚན་སྙན་རྒྱས་པ་ལས་ཕྱིས་ཀྱི་གདུང་བརྒྱུད་དང་སྤྲུལ་སྐུ་རྣམས་ལྟར་ཡོན་ཏན་ཡོད་མེད་ཅི་ཆ་ཡང་བླ་མ་ག་གེ་མོ་དང་བླ་བྲང་ག་གེ་མོས་དགོས་པའི་དབང་གིས་བསྐོས་བཞག་གནང་བ་དེ་འདྲ་མིན། མར་པ་ལྟ་བུར་མཚོན་ན་གཉེན་ཉེ་ཚུན་ཆོད་ཀྱིས་མི་དགའ་ཡང་ལོ་ཙཱ་བ་ཡིན་པའི་ཐོག་མན་ངག་གིས་ཕྱུག་པས་བླ་མ་རྩོད་མེད་དུ་གྱུར་ཅིང་། མི་ལ་རས་པ་ནི་སྡིག་ཅན་འགྲན་ཟླ་དང་བྲལ་བ་ཡིན་ཀྱང་དཀའ་སྤྱད་སྙིང་རུས་ཆེ་བས་རིམ་པས་བོད་ཀྱི་གྲུབ་ཐོབ་ཀུན་གྱི་རྗེ་བོར་གྱུར། དྭགས་པོ་རིན་པོ་ཆེ་ཡང་བཀའ་གདམས་ཀྱི་གྲྭ་པ་དཀྱུས་མའི་ཁྲོད་ནས་འབུར་དུ་ཐོན་པ་ལས་སུས་ཀྱང་ངོས་འཛིན་དང་ལུང་བསྟན་གནང་བ་ཞིག་མིན། ཕག་མོ་གྲུ་པ་དང་དུས་གསུམ་མཁྱེན་པ་གཉིས་ཀ་འཁྲུངས་ཡུལ་ཁམས་ནས་ཡིན་པ་དེས་དབུས་གཙང་དུ་བཞུགས་སྐབས་སྤྲང་པོའི་འཚོ་བ་སྐྱེལ་མཁན་ཤ་སྟག་ཡིན་པ་ནི་དུས་གསུམ་མཁྱེན་པས་སྒམ་པོ་པ་ཐོག་མར་མཇལ་སྐབས་མེ་ཏོག་ལས་གཞན་འབུལ་རྒྱུ་མེད་པའི་ལོ་རྒྱུས་ལས་ཀྱང་མཇལ་ཐུབ། ཞང་ཚལ་པ་ཡང་དབུས་ནས་ཁམས་སུ་བྲོས། ཁམས་ནས་དབུས་སུ་ཕེབས་པ་སོགས་ཀྱི་དཀའ་སྡུག་མང་པོ་མྱང་བ་དང་། འབྲི་གུང་འཇིག་རྟེན་གསུམ་མགོན་ནི་བོད་དབུས་སུ་མཛད་ཕྲིན་མ་རྒྱས་པའི་གོང་དུ་ཞེ་ས་མ་ཞུས་ན་ཅུང་མིན་ན་ལྟོགས་ཤི་ཐེབས་མྱོང་ཡོད།

 

འོན་ཀྱང་བླ་མ་དེ་དག་ཆོད་སེམས་དང་། མཁྱེན་དཔྱོད། བརྩོན་འགྲུས། ཐབས་ལ་མཁས་པ་སོགས་གང་ལ་ཡང་འགྲན་ཟླ་མེད་པ་ཞིག་ཡིན་པས་ན་སྤྲུལ་སྐུ་རྣམས་ལྟར་ཐོག་མ་ནས་ཁྲི་མཐོན་པོའི་ཐོག་ཏུ་ཕེབས་པ་མ་ཡིན་པར་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་གཉིས་ཀ་དང་མཐུན་པར་ཐོག་མར་གྲྭ་པ་དཀྱུས་མའི་ཚུལ་གྱིས་ཡུལ་ལུང་མང་པོར་ཕེབས་ནས་བླ་མ་སུ་བཟང་མཇལ། མན་ངག་གང་ཟབ་ཞུས། གནས་གང་གཉན་ལ་ཕེབས་ནས་རང་སྲོག་བློས་བཏང་གིས་ཉིན་མཚན་བར་མ་ཆད་ཉམས་སུ་བླངས། དེ་ལ་བརྟེན་ནས་རིམ་པས་དེ་དག་གི་ཉམས་རྟོགས་ཀྱི་རྩལ་རྫོགས། མངོན་ཤེས་ལ་ཐོགས་པ་མེད། རྫུ་འཕྲུལ་ལ་རྩོད་པ་མེད། ཐབས་མཁས་ལ་འགྲན་ཟླ་མེད་པ་དེས་སློབ་མ་རྣམས་རྒྱང་རིང་ཐུང་གང་ས་ནས་བྱ་རྒོད་ཤ་ལ་འདུ་བ་བཞིན་འདུས་པ་ལས་ཕྱིས་ཀྱི་སྤྲུལ་སྐུ་རྣམས་ལྟར་མཚམས་བསྙེན་སྒྲུབ་ཟླ་བ་གཅིག་ཟིན་མིན་གནང་མྱོང་མེད་ཀྱང་སྐུ་གོང་མའི་སྐབས་སུ་གནང་ཟིན་པས་མི་དགོས་ཚུལ་བཤད་པ་དང་། མངོན་ཤེས་དང་རྫུ་འཕྲུལ་སོགས་སྣ་གཅིག་སྟོན་རྒྱུ་མེད་ཀྱང་སྐུ་ཚེ་ལ་གནོད་པས་སྦས་རབས་བཤད་པ་དང་། ཐམས་ཅད་མཁྱེན་པ་ཡིན་པར་བཤད་ཀྱང་གཞན་ལྟ་ཞོག་ཐ་ན་རང་གི་འགན་ཁུར་གང་ཡིན་ཀྱང་མི་ཤེས་པ་ཧ་ཅང་མང་བ་དེ་འདྲ་མིན་པས་བཀའ་བརྒྱུད་པའི་བླ་མ་གོང་མ་དེ་དག་ནི་མི་དཀྱུས་མའི་ཁྲོད་ནས་འཚར་ལོངས་བྱུང་ཞིང་འབུར་དུ་ཐོན། དེ་ནས་མི་གནས་བབས་ལས་བརྒལ་ཏེ་ལྷ་ཡི་གནས་བབས་ལ་ཕེབས་པ་ལྟ་བུ་ཤ་སྟག་ཡིན་པའི་དབང་གིས་དེ་དག་གི་མཛད་ཕྲིན་ཀྱང་སུས་ཀྱང་དོ་ཟླ་མི་ནུས་པར་གྱུར།

 

དེ་ནས་དུས་རབས་བཅུ་གསུམ་པའི་ནང་དུ་ཧོར་དམག་གིས་བོད་ཁམས་དབང་དུ་བསྡུས། ཧོར་གྱི་དཔོན་པོས་བོད་ཀྱི་ལུགས་གཉིས་ཀྱི་དབུ་ཁྲིད་ལ་ས་སྐྱ་པ་རྣམས་བསྐོས་པ་དེས་ས་སྐྱ་པ་ནི་བོད་ཀྱི་ཆོས་བརྒྱུད་སྟོབས་ཤུགས་ཆེ་ཤོས་སུ་གྱུར་པ་དང་། དེ་ནས་རྗེ་ཙོང་ཁ་པ་བྱོན་ཏེ་བོད་ཁམས་ཐམས་ཅད་འཕྲིན་ལས་ཀྱི་གདུགས་དཀར་པོ་གཅིག་གི་འོག་ཏུ་ཚུད་པར་གྲགས་པ་བཞིན་བཀའ་གདམས་དང་འབྲི་གུང་། ས་སྐྱ་སོགས་བོད་ཀྱི་ཆོས་བརྒྱུད་ཕལ་མོ་ཆེ་དགེ་ལུགས་ལ་འགྱུར་ནས་ཆོས་བརྒྱུད་གཞན་རྣམས་ལ་གནས་སྐབས་རིང་དཀའ་ངལ་ཆེ་ཙམ་བྱུང་ན་ཡང་། སྐབས་དེར་ཡང་ཕག་གྲུ་བཀའ་བརྒྱུད་ཀྱིས་བོད་ཀྱི་སྲིད་དབང་བཟུང་ཞིང་། ཀརྨ་པ་ན་རིམ་རྣམས་རྒྱ་བོད་གང་སར་ཕེབས་བཞུགས་གནང་བཞིན་ཡོད་པ་དེས་བོད་ཀྱི་བླ་མ་མཛད་ཕྲིན་ཆེ་ཤོས་སུ་གྱུར་ཏེ་རིམ་པས་ས་སྐྱ་དང་དགེ་ལུགས་གཉིས་ཀྱི་ཁ་གཏད་གཙོ་བོ་ཡང་བཀའ་བརྒྱུད་པར་གྱུར། ལྷག་པར་ཕག་གྲུ་དང་། ཀརྨ་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད་བཅས་ཀྱིས་སྒོམ་ཉམས་ལེན་གཅིག་པུས་མི་འགྲིག་པར་བསླབ་པ་སློབ་གཉེར་ཚད་ལྡན་ཡོད་པ་གལ་ཆེ་བར་གཟིགས་ནས་རང་རང་སོ་སོའི་བཤད་གྲྭ་བཙུགས། ཡིག་ཆ་བརྩམས། སློབ་མ་བསྐྱངས་པ་དེས་དུས་སྐབས་དེར་སླར་ཡང་བོད་ལ་འགྲན་ཟླ་མེད་པའི་ཆོས་བརྒྱུད་ནི་བཀའ་བརྒྱུད་ཡིན་པ་ཡང་སྐབས་དེའི་བོད་ཀྱི་སྲིད་དཔོན་རྣམས་ཀྱི་ཆོས་བརྒྱུད་གཙོ་བོ་བཀའ་བརྒྱུད་ཡིན་པ་དང་། ཡུལ་གྲུ་ཁག་གི་ཆིངས་འགྲིག་གནང་མཁན་ཀྱང་གཙོ་བོ་བཀའ་བརྒྱུད་པའི་བླ་མ་རྣམས་ཡིན་པ་ལས་མཐོང་ཐུབ།

 

དེ་ནས་དུས་རབས་བཅུ་དྲུག་པ་དང་། དུས་རབས་བཅུ་བདུན་པའི་ཡས་མས་ནས་བཀའ་བརྒྱུད་པ་རྣམས་ཉམས་རྒུད་ཚད་ལས་འདས་པ་བྱུང་བས་མི་ཞིག་ཡིན་ན་ངོ་མི་ཤེས་པའི་ཚོད་དུ་གྱུར་ཡོད། དེའི་རྒྱུ་མཚན་གཙོ་བོ་གཉིས་ཏེ་ཕྱི་ནས་གོང་ས་ལྔ་པ་ཆེན་པོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཀྱིས་བཀའ་བརྒྱུད་པའི་དགོན་པ་ཁག་དགེ་ལུགས་ལ་བསྒྱུར་བ་ནི་གྲངས་མེད་པ་ལྟ་བུ་ཡིན་པ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་དགེ་ལྡན་ཆོས་བྱུང་སོགས་ལོ་རྒྱུས་མང་པོའི་ནང་དུ་གསལ། ད་དུང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགའ་ལྡན་ཕོ་བྲང་གི་ཁྲིམས་ཡིག་མཛད་པ་ན། སྔོན་གྱི་སྨོན་ལམ་མཚམས་སྦྱོར་ལྟ་བུས་ཀར་འབྲུག་རྣམས་རང་རང་ཉེས་འདོད་ཀྱི་དགེ་བསྟན་ལ་ཤིན་ཏུ་སྡང་བ་དང་། ཁྱད་པར་སྙིགས་མའི་ཡིད་ཅན་ལ་ཚུལ་གནས་ཀྱི་དགེ་སྦྱོང་ལས་ཟོག་པོ་བྲིན་ཚུལ་གསུངས་པ་ལྟར་དེ་ཉིད་མ་རྟོགས་པའི་སྐྱེ་བོ་རྣམས་འབྲུག་པར་དད་པ་ཞིག་འདུག་པར། འདི་པ་ཚོའི་རིང་ལུགས་ཧྭ་ཤང་གི་ལྟ་བ་ངན་པའི་རྗེས་སུ་འབྲང་བ་པོ་ཡིན་འདུག་གཤིས། བསིལ་ལྡན་གྱི་འགྲོ་བ་རྣམས་ལོག་ལམ་མི་འཕྱན་པའི་ཆེད་དུ་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་རབ་ཀྱི་ཉིང་ཁུ་ཟབ་མོ་དབུ་མའི་ལྟ་བ་ལ་བརྟེན་ནས་མངོན་མཐོ་ངེས་ལེགས་ལ་འགོད་ཕྱིར་འདི་རིགས་ཀྱི་མགོན་གནོན་གང་ཐུབ་བྱེད། ཅེས་ཁྲིམས་ཡིག་དྭངས་ཤེལ་མེ་ལོང་ལས་འབྱུང་བ་ལྟར་ལ། བར་སྐབས་ཤིག་མཚུར་ཕུ་ལ་རྔ་བརྡུང་བ་སོགས་ཀྱང་མི་ཆོག་པའི་ཁྲིམས་ཡོད་པས་ན་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་དགའ་ལྡན་ཕོ་བྲང་གིས་བཀའ་བརྒྱུད་ལ་སྡང་བ་ལྟར་བྱུང་མྱོང་མེད།

 

བཀའ་བརྒྱུད་པའི་ནང་ཁུལ་ནས་སྐབས་དེར་བཀའ་བརྒྱུད་པའི་དབུ་ཁྲིད་གཙོ་བོར་གྱུར་པ་མང་པོ་ཞིག་བཀའ་བརྒྱུད་པའི་ཕ་ཆོས་ལས་ཀྱང་རྙིང་མའི་གཏེར་ཆོས་ཀྱིས་ཐུགས་འཕྲོགས་ཏེ། འབྲུག་པ་ཀུན་ལེགས་ཀྱིས། ས་ལུས་ཀར་སེམས་འབྲི་སྐད་སྨྲ་བ་མཚར།། ཞེས་གསུངས་པ་ལྟར། དུས་སྐབས་དེའི་ཡས་མས་སུ་བྱོན་པའི་བཀའ་བརྒྱུད་པའི་བླ་མ་རྣམས་ལས་འབྲི་གུང་གི་རིན་ཆེན་ཕུན་ཚོགས། དྭགས་ལྷ་སྒམ་པོའི་ནོར་བུ་བརྒྱན་པ། ཀམ་ཚང་གི་ཀརྨ་ཆགས་མེད་སོགས་མང་པོ་ཞིག་སྔགས་གསར་མ་ལས་ཀྱང་རྙིང་མ་ཤུགས་ཆེ་ཞིང་། བཀའ་མ་ལས་ཀྱང་གཏེར་མ་གཙོ་བོར་མཛད་མཁན་དག་ཡིན་པས་ན་བླ་མ་དེ་དག་གི་མཛད་རྣམ་ལ་མཇལ་ན་གོང་ས་ལྔ་པ་སོགས་མ་བྱུང་ན་ཡང་བཀའ་བརྒྱུད་པའི་དགོན་པ་ཕལ་མོ་ཆེ་རྙིང་མར་འགྱུར་ནས་ཅི་ཙམ་ལྷག་མིན་ནི་ཚོད་དཔག་དཀའ་བ་ཞིག་རེད། དུས་རབས་བཅོ་བརྒྱད་པའི་ནང་དུ་བྱོན་པ་རྙིང་མའི་མཁས་པ་གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་ཆོས་བྱུང་གི་ནང་དུ་བཀའ་བརྒྱུད་ཀྱི་གདན་ས་གཙོ་བོ་སྟེ། དྭགས་ལྷ་སྒམ་པོ་དང་། འབྲི་གུང་དང་མཚུར་ཕུ་སོགས་ཕལ་མོ་ཆེ་ཀར་རྙིང་ཟུང་འབྲེལ་དང་། དེ་ཡང་གཙོ་བོ་རྙིང་མ་ཡིན་པས་རྙིང་མའི་དགོན་ལག་ཡིན་པ་ལྟ་བུ་གསུངས་ཡོད་ཅིང་དུས་སྐབས་དེའི་གནས་བབ་ལ་བསམས་ན་དེ་ལ་བདེན་ཆ་ཡང་གང་འཚམས་ཡོད།

 

འོ་ན་རྙིང་མའི་གཏེར་ཆོས་ཀྱིས་ས་བཀའ་དགེ་གསུམ་ལས་གཙོ་བོ་བཀའ་བརྒྱུད་པར་ཤུགས་རྐྱེན་དེ་ཙམ་ཕོག་པའི་རྒྱུ་མཚན་གང་ཡིན་ནམ་སྙམ་ན། དེ་ལ་རྒྱུ་མཚན་འགའ་ཤས་ཤིག་ཡོད་དེ། གཅིག་ནས་ལོ་རྒྱུས་ཐོག་ས་སྐྱ་དང་དགེ་ལུགས་ལས་ཀྱང་བཀའ་བརྒྱུད་པའི་བླ་མ་རྣམས་དང་རྙིང་མར་འབྲེལ་ཆེ་བས་དང་། གཉིས་ནས་གཏེར་སྟོན་ཕལ་མོ་ཆེར་དམངས་ཁྲོད་དུ་ཟ་བརྫུ་ལྟ་བུ་ལས་མཐོང་སྣང་ཡག་པོ་མེད་པ་ལ་དེ་དག་གི་གཏེར་ཆོས་དར་ཁྱབ་ཡོང་བར་བླ་མ་མཚན་སྙན་ཆེ་བ་ཞིག་གི་ངོས་ལེན་དགོས་པ་ལ་སྐབས་དེར་བྱོན་པའི་བླ་ཆེན་རྣམས་གཙོ་བོ་བཀའ་བརྒྱུད་པའི་བླ་མ་རྣམས་ཡིན་པས་གཏེར་ཆོས་ཀྱི་ནང་དུ་ལུང་བསྟན་པའི་ཆོས་བདག་གཙོ་བོ་ཡང་བཀའ་བརྒྱུད་པའི་བླ་ཆེན་ཁག་ཡིན། གསུམ་ནས་ས་སྐྱ་དང་དགེ་ལུགས་གཉིས་ནི་སློབ་གཉེར་དང་དཔྱད་པ་གཙོ་བོར་བྱེད་པའི་ཆོས་བརྒྱུད་ཡིན་པས་ཁུངས་ལུང་དང་རྒྱུ་མཚན་གང་ཡང་མེད་པའི་ལྷ་སྒྲུང་གིས་ཡིད་འཕྲོགས་པ་དཀའ་ཞིང་། བཀའ་བརྒྱུད་ནི་དད་པ་དང་དག་སྣང་གཙོ་བོར་བྱེད་པའི་ཆོས་བརྒྱུད་ཅིག་ཡིན་པས་ན་དེ་འདྲའི་རིགས་རྣམས་རྨོངས་དད་ཀྱང་ཤུགས་ཆེ་བའི་རྒྱུ་མཚན་གྱིས་མདོ་ཡི་ལྟ་སྒོམ་སྤྱོད་གསུམ་དང་། སྔགས་ཀྱི་བསྐྱེད་རིམ་དང་རྫོགས་རིམ་གྱི་ཟབ་གནད་ཡོད་པར་བཤད་པ་ལས་ཀྱང་སུ་ཞིག་གིས་མངོན་ཤེས་དང་རྫུ་འཕྲུལ་ལ་བརྟེན་ནས་བྱུང་བར་བཤད་ན་དེ་ལ་དད་ཆེ་བ་ནི་རང་བཞིན་གྱི་འགྲོ་སྟངས་ཤིག་རེད།

 

སྐབས་དེའི་བཀའ་བརྒྱུད་ཀྱི་དབུ་ཁྲིད་རྣམས་ཀྱིས་རང་ས་རང་གིས་ཟིན་མ་ཐུབ་པ་ན་གཤམ་གྱི་སློབ་མ་རྣམས་ནི་ཅི་མཛད་ལེགས་མཐོང་གི་རྒྱས་བཏབ་ཟིན་པས་དེ་རྣམས་ལ་ནི་རང་རང་སོ་སོར་ལེགས་ཉེས་དཔྱོད་པའི་ཀླད་པ་ཕལ་ཆེར་མེད་པས་ན་བླ་མས་མཛུབ་མོ་གར་བསྟན་ཤར་དུ་གྱུར། རྗེ་རིན་པོ་ཆེས་སྐྱེ་འཆི་བར་དོ་གསུམ་སྐུ་གསུམ་གྱི་ལམ་དུ་ཁྱེར་བའི་མན་ངག་ནི་བསྐྱེད་རྫོགས་ཀྱི་མན་ངག་འགྲན་ཟླ་བྲལ་བ་ཞིག་ཡིན་ཅིང་། དེ་ནི་མར་པ་ལྷོ་བྲག་པ་ནས་བྱུང་བས་མར་པ་མན་ངག་གི་ཆེ་བ་ཞེས་གསུངས་ན་ཡང་། གཏེར་ཆོས་ཀྱི་རིགས་ལ་མོས་ཆེ་བའི་བཀའ་བརྒྱུད་པ་རྣམས་ཀྱིས་ནི་དེ་འདྲ་གོ་མྱོང་ཙམ་ཡང་མེད་ལས་ཆེ། རྒྱུ་མཚན་དེས་རྣམ་དཔྱོད་ལ་འགྲན་ཟླ་བྲལ་བ་ལྟ་བུ་རྗེ་ཙོང་ཁ་པས་ནི་དྭགས་པོ་བཀའ་བརྒྱུད་པ་ལྟར་མདོ་ཡི་ཁུངས་ཇོ་བོ་རྗེ་དང་། སྔགས་ཀྱི་ཁུངས་མར་པ་ལ་གཏུགས་ཤིང་། ལུང་བསྟན་དང་གཏེར་ཆོས་སོགས་ཀྱི་སྐོར་ལ་ནི་གླེང་སློང་ཙམ་ཡང་མ་གནང་ཡང་། ཕྱིས་སུ་གོང་ས་ལྔ་པ་ཆེན་པོ་སོགས་གཏེར་ཆོས་དང་ལུང་བསྟན་དགྱེས་ཙམ་བྱུང་བ་ནི་ཆབ་སྲིད་ཀྱི་དགོས་མཁོ་སྟེ། ཕྱོགས་གཅིག་ནས་རྙིང་མ་རྣམས་ལ་གོང་ས་ལྔ་པ་ལྟ་བུའི་རྒྱབ་གཉེར་དགོས་ཤིང་། ཕྱོགས་གཅིག་ནས་གོང་ས་ལྔ་པ་ལ་ཡང་རང་ཉིད་བོད་ཀྱི་དཔོན་པོར་གྱུར་པ་ནི་སོག་པོས་བཙན་དབང་གིས་བསྐོས་པ་མ་ཡིན་པར་ལས་དང་སྨོན་ལམ་བཟང་པོ་ལ་བརྟེན་ནས་ཡིན་པ་དང་། དེ་ཡང་ལྷ་དང་བླ་མའི་དགོངས་པ་དང་མཐུན་པ་ཞིག་ཡིན་པར་བསྒྲུབ་དགོས་པའི་རྐྱེན་གྱིས་ཡིན་ལས་ཆེ།

 

དེ་ལྟར་སྐབས་དེའི་བཀའ་བརྒྱུད་པར་ཕྱི་ནས་དགེ་ལྡན་པའི་ཆབ་སྲིད་ཀྱི་གནོན་ཤུགས་དང་། ནང་ནས་རྙིང་མའི་གཏེར་ཆོས་ཀྱི་ལུང་བསྟན་གཉིས་ལ་བརྟེན་ནས་དུས་རབས་བཅུ་བདུན་པ་ནས་བཟུང་སྟེ་དུས་རབས་ཉི་ཤུ་པའི་ནང་དུ་བོད་ལ་དུས་འགྱུར་མ་བྱུང་གི་བར་དུ་བཀའ་བརྒྱུད་པ་རྣམས་ནི་བོད་ཀྱི་ཆོས་བརྒྱུད་རྣམས་ལས་སྐྱོ་ཤོས་ཏེ། དཔལ་སྤུངས་ཙམ་ལས་གཞན་མཚུར་ཕུ་སོགས་བཀའ་བརྒྱུད་པའི་དགོན་སྡེ་གཞན་ལ་རྩོད་མེད་ཀྱི་མཁས་པ་ལྟ་ཞོག་གསུང་རྩོམ་པོད་རེ་ཙམ་མཛད་ཐུབ་མཁན་ཀྱང་དཀོན་པ་དང་། ཚད་ལྡན་གྱི་གྲུབ་ཐོབ་རྣམ་ཐར་ཐོས་རྒྱུ་ཡོད་པ་ཡང་རེ་ཟུང་ཙམ་མོ།། དགོན་པ་གསར་པ་རེ་ཙམ་བཞེངས་པ་ཡང་སྲིད་པ་ཙམ་ལ། རང་གི་ཆོས་བརྒྱུད་ཀྱི་དབང་ལུང་མན་ངག་གལ་ཆེན་མང་པོའི་བརྒྱུད་པ་ཆད་ཅིང་། དཔེ་ཆ་བོར། དགོན་པ་ཁག་ལ་གྲྭ་པ་བརྒྱ་ཕྲག་རེ་ཟུང་ཙམ་ཡོད་ན་ཡང་། ལོ་ཆུང་དུས་ནས་གྲྭ་པ་བྱས་ནས་ད་ཆ་གྲྭ་རྒན་འཆི་ལ་ཐུག་པ་ཙམ་དུ་གྱུར་ཀྱང་གཞན་ལྟ་ཞོག་བདེན་པ་བཞི་གྲངས་འདྲེན་ཙམ་ཡང་ཤེས་པ་དཀའ། གྲྭ་པ་ལོ་གཞོན་རྣམས་ཚེ་གང་འབུད་བརྡུང་དཀྲོལ་གསུམ་ལ་རྫོགས་ཀྱང་། བསྐྱེད་རིམ་དང་རྫོགས་རིམ་གྱི་ཁྱད་པར་ཙམ་ཡང་མི་ཤེས་ཤིང་། ཐ་ན་མང་པོ་ཞིག་གིས་ནི་གོ་མྱོང་ཙམ་ཡང་མེད་པ་ནི་བཤད་ན་ཡིད་ཆེས་དཀའ་ན་ཡང་དེ་ནི་སྔར་བྱུང་བ་ཙམ་མིན་པར་ད་དུང་ཡང་དེ་ལྟ་བུ་མང་དུ་ཡོད།

 

བླ་མ་རྣམས་ཀྱི་ལས་འགན་གལ་ཆེ་ཤོས་ནི་སློབ་མ་རྣམས་ལ་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཡང་དག་པའི་ལམ་དུ་ཁྲིད་རྒྱུ་ཡིན་ཀྱང་། བླ་ཆེན་གྱི་ལུགས་སྲོལ་རྙིང་པའི་དབང་དུ་གྱུར་ཏེ་དུས་དང་དུས་སུ་ནང་དོན་འགྲེལ་བརྗོད་ཕལ་ཆེར་གནང་མི་སྲིད་པ་ལྟ་བུའི་དབང་དང་ལུང་རེ་གནང་བ་ལས་སློབ་མ་དངོས་སུ་གསོ་སྐྱོང་གནང་བ་ནི་ཉིན་མོའི་སྐར་མར་གྱུར། བླ་མ་དེ་དག་གིས་དྭགས་པོའི་ཐར་རྒྱན་ལ་སོགས་པའི་བཀའ་གདམས་ཀྱི་ལམ་རིམ་རྣམས་ལ་རང་ཉིད་ཀྱིས་ཐོས་བསམ་སྒོམ་གསུམ་དང་། གཞན་ལ་འཆད་སྤེལ་གནང་བའི་རྣམ་ཐར་ནི་ཡིག་ཆ་ཁག་ཏུ་མཐོང་རྒྱུ་དཀོན་ལ། སྔགས་ལུགས་གཙོ་ཆེ་བའི་ནཱ་རོ་ཆོས་དྲུག་ལྟ་ཞོག མདོ་ལུགས་གཙོ་ཆེ་བའི་དྭགས་པོ་རིན་པོ་ཆེའི་ཕྱག་ཆེན་གྱི་ཁྲིད་ཡིག་རྣམས་ནི་གསངས་སྔགས་ཀྱི་ཆགས་ལམ་ལྟར་ཧ་ཅང་གསང་དགོས་པ་ཞིག་མིན་ན་ཡང་། མཁའ་འགྲོའི་བཀའ་རྒྱ་ཡོད་རབས་དང་། སློབ་མ་སྣོད་ལྡན་མེད་རབས་གསུངས་ཏེ་སྦ་གང་ཐུབ་གནང་ཞིང་། རྙིང་མའི་ཁྲིད་དང་ཆོ་ག་ཕལ་མོ་ཆེའི་མཇུག་ཏུ། ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མནྟྲ་གྷུ་ཧྱ་རྒྱ་རྒྱ་རྒྱ༔ ལྟ་བུ་རྒྱ་མང་དུ་ཡོད་ན་ཡང་། འདོན་གང་ཐུབ། སྤེལ་གང་ཐུབ། སྒྲུབ་གང་ཐུབ་བྱས་པ་དེས་དབུ་རུལ་བ་ཤངས་ཀྱིས་མ་ཚོར་བའི་རྣམ་ཐར་དེ་དག་བྱུང་།

 

དེ་ལྟར་སློབ་མ་རྣམས་ཀྱིས་བླ་མ་ནི་ཐམས་ཅད་མཁྱེན་པ་ཡིན་པས་བླ་མའི་མཛད་པ་དང་གསུང་ལ་འགྲིག་མིན་གྱི་ཞུ་དག་བྱེད་པ་ནི་དམ་ཚིག་དང་འགལ་བ་ཡིན་པར་བསམས་ནས་དད་པ་དང་དག་སྣང་སྦྱོང་གང་ཐུབ་བྱེད། བླ་མ་རྣམས་ཀྱིས་ཆོས་སྒྲུབ་པ་ལ་ཐུག་པ་ན་དུས་ངན་སྙིགས་མར་གུ་རུ་རིན་པོ་ཆེ་ལས་རྩ་ཆེ་བ་མེད་ཅེས་དགོངས་ནས་རྙིང་མའི་ཆོས་སྒྲུབ་ཅིང་། མཛད་པ་སྐྱོང་བ་ལ་ཐུག་ན་ང་ནི་བཀའ་བརྒྱུད་གོང་མའི་རྗེས་འཇུག་ཡིན་པས་གང་ལ་ཡང་ཞེན་ལོག་དང་ངེས་འབྱུང་བསྒོམ་དགོས་གསུངས་ཏེ། རྗེ་བཙུན་མི་ལ་དང་རྒོད་ཚང་པ་ལ་སོགས་པས་དབེན་པའི་རི་ཁྲོད་ལ་ཕྱག་བསྟར་གནང་བའི་མཛད་པ་དེ་ཉིད་ཕྱིས་ཀྱི་བཀའ་བརྒྱུད་པའི་བླ་མ་རྣམས་ཀྱིས་དགོན་པའི་ནང་དུ་ཕྱག་བསྟར་གནང་བ་དེས་བཀའ་བརྒྱུད་པར་ཆོས་དང་འཇིག་རྟེན་གཉིས་ཀ་ནས་འཐུས་ཤོར་ཚད་མེད་པ་བྱུང་། སྤྲུལ་སྐུ་དང་གདུང་བརྒྱུད་སུ་ཡིན་ན་ཡང་དེ་གདན་སར་མངའ་གསོལ་ན་དེའི་ལས་འགན་གལ་ཆེ་ཤོས་ནི་ཡོད་ཚད་ལ་སྣང་མེད་གཏོང་རྒྱུ་དེ་མིན་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་དོན་དུ་རང་སྲོག་བློས་གཏོང་དགོས་ན་ཡང་གཏོང་དགོས་པ་ཞིག་ཡིན་ན་ཡང་། ཕྱིས་ཀྱི་བཀའ་བརྒྱུད་པའི་བླ་མ་རྣམས་མིང་ནི་དབུ་ཁྲིད་ཀྱི་མིང་ཁུར་ན་ཡང་ཉམས་ལེན་གྱི་གནད་འགག་ནི་དབུ་ཁྲིད་ཀྱི་ཕྱག་ལས་མི་གནང་རྒྱུ་དེ་ཡིན་པས་ན་དེ་དག་གི་འབྲས་བུར་བསྟན་པ་ཉམས་པ་ལས་དར་བ་ཞིག་ག་ལ་སྲིད།

 

ད་ལྟའི་ཆར་བཀའ་བརྒྱུད་པ་རྣམས་ཀྱིས་རང་ངོ་རང་གིས་ངོས་ཟིན་ཐུབ་ཙམ་བྱུང་བ་ནི་དགའ་དགོས་པ་ཞིག་ལོས་ཡིན་ཀྱང་། ནང་ཁུལ་གྱི་མཐུན་འབྲེལ་ནི་སྔར་ལས་ཀྱང་སྡུག་ཏུ་སོང་སྟེ། ལོ་རྒྱུས་ཐོག་ཀམ་ཚང་དང་འབྲི་གུང་མཐུན་ཤོས་ཡིན་པས་འགལ་ཟླ་བྱུང་མྱོང་མེད་ན་ཡང་། ཀརྨ་པ་བཅུ་དྲུག་པའི་སྐབས་ཙམ་ནས་ཀརྨ་བཀའ་བརྒྱུད་དང་འབྲི་གུང་ཡང་ཕན་ཚུན་ངོ་ཤེེས་མིན་ཙམ་དུ་གྱུར་ཅིང་། རྒྱལ་དབང་འབྲུག་པ་དང་ཀརྨ་པ་ན་རིམ་ཡང་བར་སྐབས་ཤིག་སྐུ་མཆེད་ཡིན་པ་སོགས་ཀྱིས་ཀར་འབྲུག་ཡབ་སྲས་ཞེས་འབྱར་རྩིས་སྦྱར་བ་ལྟར་ཡིན་ན་ཡང་ཕྱིས་སུ་ནི་ལྷན་ཅིག་མི་གནས་འགལ་ལྟ་བུར་གྱུར། འབའ་རོམ་བཀའ་བརྒྱུད་ལ་ཡང་ཀརྨ་བཀའ་བརྒྱུད་སོགས་ཆོས་བརྒྱུད་གཞན་གྱིས་ངོས་ལེན་ཡོད་མེད་ལྟ་བུས་དཀའ་ངལ་ཕྲན་བུ་རེ་འབྱུང་དང་འབྱུང་བཞིན་ཡོད་པར་ཐོས། ལྷག་པར་ཀམ་ཚང་གི་རྒྱལ་བ་ཡབ་སྲས་རྣམས་ཀརྨ་པའི་ཡང་སྲིད་ཀྱི་གནད་དོན་ལས་འཕྲོས་ཏེ་ལོ་དང་ལོར་རྩོད་པ་གནང་བ་ཉིད་ཡང་སྲིད་ཀྱི་རྙོག་གྲ་ལས་བརྒལ་ནས་རྒྱལ་སྤྱིའི་རང་བཞིན་གྱི་རྙོག་གྲྭར་གྱུར་ཏེ་ད་ལྟའི་ཆར་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་ཞེས་བརྗོད་པ་ན་མི་མང་པོའི་སེམས་ལ་མཁས་དང་གྲུབ་པའི་ཡོན་ཏན་ལས་ཀྱང་ཡང་སྲིད་ཀྱི་རྙོག་གྲྭ་ཉིད་འཁོར་སླ་ཤོས་སུ་གྱུར་པ་འདིས་ཀྱང་རྗེས་འཇུག་མང་པོ་ངོ་ཚ་དགོས་པར་བཟོས་ཡོད་ཅིང་འདི་ནི་ལོ་རྒྱུས་ཀྱི་ནག་ཐིག་བསུབ་ཏུ་མེད་པ་ཞིག་ཀྱང་ལོས་ཡིན།

 

དེ་ལྟར་བཀའ་བརྒྱུད་འདི་ད་ལྟའི་ཆར་དར་ཁྱབ་དེ་ཙམ་མི་ཆེ་ཡང་ནང་ཁུལ་གྱི་འགལ་ཟླ་ནི་རེ་ཞིག་སེལ་ཐུབ་པའི་རེ་བ་ཕྲ། ནང་ཁུལ་མི་མཐུན་པའི་རྐྱེན་པས་བསྟན་པ་ཉམས་བཞིན་པ་གསལ་པོ་ཡིན་ན་ཡང་དབུ་ཁྲིད་བླ་ཆེན་རྣམས་ཀྱིས་མ་གཟིགས་མདོག་མདོག མ་གསན་མདོག་མདོག མ་དགོངས་མདོག་མདོག་ལས་ཐ་ན་ངས་ནོར་སོང་འདུག་ཟེར་ནས་དགོངས་དག་ཞུ་མཁན་ནི་མི་སྲིད་པ་ལྟ་བུ་རེད། མི་སུ་ཡིན་ཀྱང་ནོར་འཁྲུལ་ཤོར་ཆོག་ཅིང་། ནོར་འཁྲུལ་ཤོར་བ་ནི་ཚང་མས་ཤེས་གསལ་ལྟར་ཡིན་ན་ཡང་། ངོས་ལེན་མི་བྱེད་མཁན་སྐྱོ་ཤོས་ནི་སྤྱིར་ཆོས་ལུགས་ཀྱི་མི་སྣ་དང་། ལྷག་པར་བོད་བརྒྱུད་ནང་བསྟན་གྱི་བླ་མ་འདི་དག་ལས་དབུ་མཁྲེགས་པ་ཞིག་ཕལ་ཆེར་མེད་ཚོད་རེད། སངས་རྒྱས་ཀྱི་བསྟན་པས་འདི་དག་ནང་ཁུལ་གྱི་འགལ་ཟླ་ཙམ་ཡང་སེལ་མ་ཐུབ་ན་འཛམ་གླིང་ཞི་བདེ་ག་ལ་བཟོ་ཐུབ། ང་རང་སྒེར་ལ་མཚོན་ན་འདི་དག་ལ་དད་པ་དག་སྣང་སྦྱོང་བར་འགལ་རྐྱེན་ཆེ་ཤོས་ཀྱང་འདི་དག་ནང་ཁུལ་དུ་མི་མཐུན་པ་འདི་རེད་འདུག་ལ། གཞན་ལ་ཡང་དེ་ལྟར་ཡིན་པ་འདྲ་འདུག ད་ལྟའི་བར་ངས་བླ་མ་མང་པོ་ཞིག་མཇལ་མྱོང་ཡང་དད་གུས་ཀྱི་རྐྱེན་པས་མིག་ཆུ་ཐེངས་གཅིག་གཉིས་ཤོར་མྱོང་བ་ཡང་བླ་མ་རྒན་པ་འགའ་ཞིག་གིས་ཕན་ཚུན་གུས་བཀུར་དང་འཆམ་མཐུན་གནང་བ་མཇལ་བའི་རྐྱེན་གྱིས་ཤོར་བ་ལས། བཞུགས་ཁྲི་མཐོ་བ། དབུ་ཞྭ་རྙིང་པ། ཞལ་བདེ་བ། འཇོན་ཐང་ཆེ་བ་སོགས་ཀྱི་རྒྱུ་མཚན་གང་ལ་བརྟེན་ནས་ཀྱང་དད་པའི་མིག་ཆུ་སྔར་ཡང་ཤོར་མ་མྱོང་ལ། མ་འོངས་པར་ཡང་ཤོར་མི་སྲིད། མ་ཟད་ནང་འགལ་འདི་དག་མཚམས་མ་ཆད་ན་ནམ་ཞིག་དག་སྣང་སྒོམ་མཁན་དག་ཀྱང་ཐང་ཆད་སྲིད།

 

འོ་ན་མ་འོངས་པར་བཀའ་བརྒྱུད་ཀྱི་བསྟན་པ་ཉམས་གསོ་དང་རྒྱུན་འཛིན་བྱ་དགོས་ན་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་གང་དང་གང་ཡོད་སྙམ་ན། ཁོ་བོས་བསམས་ན་དེ་ལ་གཙོ་བོ་གནད་འགག་བཞི་ཡོད་པར་མཐོང་། གནད་འགག་དང་པོ་ནི་ཤེས་ཡོན་སློབ་སྦྱོང་དེ་ཡིན་པར་མཐོང་། དེ་ཡང་སྤྱི་ཚོགས་གང་ཞིག་ཡར་རྒྱས་གཏོང་དགོས་ཀྱང་ཤེས་ཡོན་སློབ་སྦྱོང་གོང་འཕེལ་གཏོང་བ་ལས་ལྷག་པའི་ཐབས་ལམ་མེད། ལྷག་པར་དུ་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ལམ་གཙོ་བོ་ཡང་ཤེས་ཡོན་སློབ་སྦྱོང་ཡིན། བཀའ་བརྒྱུད་པ་རྣམས་ཀྱིས་ཤེས་ཡོན་སློབ་སྦྱོང་ལ་མཐོང་ཆུང་བྱེད། མཁས་པ་ལ་མཐོང་ཆུང་བྱེད། ཤེས་རབ་ལ་མཐོང་ཆུང་བྱེད་པ་བཅས་ནི་རང་གིས་རང་ཉམས་རྒུད་གཏོང་བའི་མཚོན་རྟགས་གསལ་ཤོས་ཡིན། ས་སྐྱ་རྒྱ་ཆེར་དར་བ་ནི་གཙོ་བོ་ས་སྐྱ་པཎྜི་ཏའི་བཀའ་དྲིན་ཡིན་ལ་དེ་ཡང་གཙོ་བོ་མཁས་ཡོན་ཏན་ཆེ་བས་ཡིན། རྗེ་ཙོང་ཁ་པས་སུས་ཀྱང་འགྲན་ཟླ་དཀའ་བའི་ཆོས་བརྒྱུད་ཆེན་པོ་ཞིག་སྲོལ་འབྱེད་ཐུབ་པ་ཡང་མཁས་ཡོན་ཏན་ཆེ་བས་ཡིན། བཀའ་བརྒྱུད་པའི་ལོ་རྒྱུས་ཐོག་ལ་མར་མི་དྭགས་གསུམ་ག་མཁས་གྲུབ་གཉིས་ལྡན་ཡིན་པའི་རྒྱུ་མཚན་གྱིས་སྙན་གྲགས་རྒྱས་པ་ལས་སུ་དང་གང་གི་སྤྲུལ་པ་ཡིན་པའི་རྒྱུ་མཚན་གྱིས་དང་། སུ་དང་སུས་ལུང་བསྟན་པའི་རྒྱུ་མཚན་གྱིས་དང་། མངོན་ཤེས་དང་རྫུ་འཕྲུལ་ཡོད་པ་ཙམ་གྱིས་མཛད་ཕྲིན་རྒྱས་པ་མིན།

 

དྭགས་པོའི་སློབ་མ་ཕག་མོ་གྲུ་པ་དང་ཀརྨ་པ་དུས་གསུམ་མཁྱེན་པ་གཉིས་ལས་ཕག་གྲུའི་མཛད་ཕྲིན་ཆེ་བ་ཡང་དུས་མཁྱེན་ལས་ཕག་གྲུ་མཁས་ཡོན་ཏན་ཆེ་བ་ཡང་དེ་དག་གི་གསུང་འབུམ་ལ་མཇལ་བས་རྟོགས་ཐུབ། བར་སྐབས་ཤིག་ལ་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་ལ་བརྟེན་ནས་དྭགས་ལྷ་སྒམ་པོ་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེ་ལ་བརྟེན་ནས་ཀརྨ་བཀའ་བརྒྱུད། འབྲུག་པ་པད་དཀར་ལ་བརྟེན་ནས་འབྲུག་པ་བཀའ་བརྒྱུད་དར་བ་ཡང་དེ་དག་མཁས་ཡོན་ཏན་ཆེ་བས་ཡིན། སི་ཏུ་ཆོས་འབྱུང་ནི་ཉམས་ལེན་གྱི་ཆ་ནས་སི་ཏུ་སྐུ་ཕྲེང་དང་པོ་ལ་འགྲན་ཟླ་ནུས་པ་དཀའ་ན་ཡང་མཛད་ཕྲིན་ནི་སི་ཏུ་གོང་མ་ཐམས་ཅད་བསྡོམས་པ་ལས་ལྷག་པ་བྱུང་བ་ཡང་མཁས་ཡོན་ཏན་ཆེ་བས་ཡིན། མཁས་ཡོན་ཏན་མེད་ན་ཉམས་རྟོགས་ཀྱི་ཡོན་ཏན་ཅི་ཙམ་ཆེ་ན་ཡང་མ་མཐར་ཡང་སློབ་མ་མཁས་ཡོན་ཏན་ཅན་ཞིག་སྐྱོང་མ་ཐུབ་ཚེ་རང་ཉིད་སྐུ་གཤེགས་པ་ན་མཛད་པ་དང་ཕྲིན་ལས་ཆ་ཚང་བ་མི་མངོན་པའི་དབྱིངས་སུ་བསྡུ་འགྲོ་བ་ཡང་མི་ལ་རས་པ་ལ་སློབ་མ་ཉམས་རྟོགས་ཅན་མང་དུ་ཡོད་ཀྱང་། རྗེས་སུ་དྭགས་པོ་རིན་པོ་ཆེ་དང་། རས་ཆུང་པ་དང་། ངམ་རྫོང་པ་ལྟ་བུ་མཁས་ཡོན་ཏན་ཅན་རྣམས་ལས་གཞན་རྣམས་མཁའ་སྤྱོད་དུ་གཤེགས་པར་གྲགས་ཀྱང་། མདོར་བསྡུས་ན་རྗེས་ཤུལ་ཙམ་ཡང་མེད་པར་གྱུར་པ་ཡིན།

 

དེ་ནས་གནད་འགག་གཉིས་པ་ནི་ཉམས་ལེན་ཡིན་དགོས། ས་དགེ་གཉིས་ཀྱིས་ཤེས་ཀྱང་ཉམས་སུ་མི་ལེན་པ་དང་། བཀའ་རྙིང་གཉིས་ཀྱིས་མ་ཤེས་པར་ཉམས་སུ་ལེན་པ་ལུགས་འདི་གཉིས་ཀ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་རིམ་པ་དང་མཐུན་པ་མིན། ཉམས་ལེན་ནི་སངས་རྒྱས་ཀྱི་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དགོས་ཆེད་ཡིན་ལ། ཆོས་ཚིག་བཞི་མ་གཅིག་ལས་མ་ཐོབ་ཀྱང་ཐོབ་མ་ཐག་ཏུ་ཉམས་ལེན་ལ་སྦྱོར་བ་ནི་བཀའ་བརྒྱུད་པའི་ཁྱད་ཆོས་ཀྱང་ཡིན། བརྒྱུད་པ་འཛིན་ཟེར་བ་ཡང་དེ་འདྲ་ལ་བརྒྱུད་པ་འཛིན་ཟེར་བ་ལས་བཀའ་བརྒྱུད་ཀྱི་ཆོས་དང་བླ་མ་ལ་ཞེན་ཁོག་ཡོད་པ་ཙམ་གྱིས་བརྒྱུད་པ་འཛིན་པ་མིན། བརྒྱུད་པ་དོན་དང་ལྡན་པ་འཛིན་པར་བཀའ་བརྒྱུད་པ་ཡིན་ནས་བཟུང་སྟེ་ཐོག་མར་ལམ་རིམ། དེ་ནས་ཕྱག་ཆེན། དེ་ནས་ཆོས་དྲུག་བཅས་ལ་མ་མཐར་ཡང་བག་ཆགས་བཞག་མྱོང་བ་ཞིག་དགོས། བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཀྱང་མདོ་ཡི་ཐོས་བསམ་དང་སྔགས་ཀྱི་སྒྲུབ་པ་ཉམས་ལེན་རྩལ་འདོན་ཆེ་ཆུང་ཙམ་ལས་ཉམས་ལེན་མེད་པའི་བཤད་གྲྭ་བ་དང་། གྲུབ་མཐའི་བཤད་པ་ལྟ་ཞོག་ཆོ་གའི་ནང་དོན་ཙམ་ཡང་མི་ཤེས་པའི་དགོན་པ་མང་པོ་སྐྱོང་བ་འདིས་བསྟན་པ་ལ་བྱ་བ་བྱས་མིན་ཐེ་ཚོམ་གྱི་གཞིར་འདུག གྲྭ་པ་དཀྱུས་མ་ཙམ་མིན་པར་སྤྲུལ་སྐུ་རྣམས་ཀྱིས་དེ་བས་ཀྱང་ཉམས་ལེན་བྱ་དགོས། སྤྲུལ་སྐུ་ཡིན་ཟེར་ནས་སྡོམ་པ་མ་བསྲུངས་བར་རབ་བྱུང་གི་ཆས་གྱོན། དཔེ་ཆ་མ་བལྟས་པར་ཆོས་བཤད། བསྙེན་ཚད་མ་སྐྱེལ་བར་དབང་གནང་བ་འདི་དག་བསྟན་པའི་དབུ་ཁྲིད་ཡིན་ནམ་བསྟན་པའི་ཆོམ་རྐུན་ཡིན་བཤད་དཀའ་བར་འདུག

 

དེ་ནས་གནད་འགག་གསུམ་པ་ནི་ཐབས་ལ་མཁས་པ་སྟེ། འཇིག་རྟེན་འདིའི་བྱ་བ་གང་བསྒྲུབ་ན་ཡང་ཐབས་ལ་མཁས་པ་ཡིན་དགོས་པ་ལས་ཐབས་ལ་མི་མཁས་པས་ཆོས་དང་འཇིག་རྟེན་གྱི་བྱ་བ་རླབས་ཆེན་གང་ཡང་བསྒྲུབ་མི་ཐུབ། ལྷག་པར་དུ་མི་གཅིག་གི་དོན་བྱེད་པར་ཡང་ཐབས་ལ་ཧ་ཅང་མཁས་དགོས་ན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ཐབས་ལ་མཁས་མི་དགོས་པར་མ་བཅོས་པ་དང་། ཚུལ་འཆོས་མེད་པ། ཀུན་སློང་རྣམ་དག་ཡོད་པ་ཙམ་གྱིས་ཆོག་པ་ག་ལ་ཡིན། བཀའ་བརྒྱུད་པའི་བསྟན་པ་རྒྱ་ཆེར་སྤེལ་མཁན་ཕག་མོ་གྲུ་པ་ཡིན་པ་ལ། ཕག་མོ་གྲུ་པས་སློབ་མ་རྣམས་ཐབས་ལ་མཁས་པོས་སྐྱོང་ཚུལ་ཡང་། སྟག་ལུང་ཐང་པ་འབྱོར་དུས་ལར་ཁྱོད་ཀྱི་ཆེད་དུ་ངས་སྐྱེ་བ་མང་པོར་དཀའ་ལས་མྱངས་བ་ཡིན་གསུངས་ཤིང་། འབྲི་གུང་པ་འབྱོར་དུས་ད་ང་ཡི་སློབ་མ་ཚང་སོང་གསུངས་པ་དང་། སྨར་པ་ཤེས་རབ་སེང་གེ་ཁམས་སུ་ལོག་ཕེབས་དུས་སློབ་མ་རྣམས་ལ་ཁྱེད་རྣམས་ཀྱིས་ཀྱང་སྐྱེལ་མ་ཞུས། ངས་ཀྱང་མིག་གིས་སྐྱེལ་མ་བྱེད་པ་ཡིན་གསུངས་པ་སོགས་ཀྱིས་སློབ་མ་རེ་རེ་ལ་གཅེས་སྐྱོང་དང་བརྩེ་གཟིགས་གནང་བ་ལ་བརྟེན་ནས་སློབ་མ་རླབས་ཆེན་མང་པོ་འཚར་ལོངས་བྱུང་བ་ལས། དེང་སང་གི་བཀའ་བརྒྱུད་པའི་བླ་ཆེན་རྣམས་ལྟར་བླ་མས་སློབ་མའི་བདེ་སྡུག་ལ་སེམས་ཁུར་གནང་བ་ལྟ་ཞོག ངོ་ཡང་མི་མཁྱེན་པ་ལྟ་བུ་དེ་འདྲ་གནང་བས་བྱུང་བ་མིན།

 

བཀའ་གདམས་པའི་བླ་མ་རྣམས་ཀྱི་རྣམ་ཐར་གཙང་ན་ཡང་དགོན་པ་བཞེངས་ན་སྙིང་པོ་མེད་ཚུལ་དང་། སློབ་མ་བསྐྱངས་ན་སྙིང་པོ་མེད་ཚུལ་རྐྱང་གསུངས་ནས་མཐར་རང་ཉིད་རྩ་མེད་དུ་གྱུར་ཅིང་། བཀའ་བརྒྱུད་པའི་བླ་སྤྲུལ་མང་པོས་ཀྱང་དེ་ལྟར་གསུངས་ནས་ད་ལྟའི་གནས་བབས་འདི་ལ་ཐུག་ཡོད། འཇིག་རྟེན་ཆོས་བརྒྱད་དང་ཐབས་ལ་མཁས་པ་གཉིས་ཀྱི་ཁྱད་པར་མ་ཕྱེས་པར་འཇིག་རྟེན་མི་ཆོས་དང་མཐུན་པའི་བྱ་བ་ཡོད་ཚད་ལ་ཐན་དུ་བལྟས་ནས་མི་སུ་ཡང་མི་འཁོར་བ་ཞིག་དང་བྱས་རྗེས་གང་ཡང་མེད་པ་ཞིག་བཟོ་མི་ཉན། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སུ་གཞན་དོན་སྒྲུབ་པའི་ཐབས་བཟང་ཤོས་ལ་བསྡུ་བའི་དངོས་པོ་བཞི་གསུངས་པ་ལ། བོད་ལ་ནི་སློབ་མ་དང་སྦྱིན་བདག་ཐམས་ཅད་ལ་རི་དྭགས་ཀྱིས་གཅན་གཟན་མཐོང་བ་ལྟར་གནང་མཁན་དེ་བླ་མ་བཟང་ཤོས་སུ་ངོས་འཛིན་སྲོལ་ཡོད་པས་བསྡུ་བའི་དངོས་པོ་བཞི་ནི་གྲངས་འདྲེན་ནུས་མཁན་ཙམ་ཡང་དཀོན། འོན་ཀྱང་ཐབས་ལ་མཁས་ཚོད་དགོས་པ་ལས་དེང་སང་གི་བླ་མ་རྣམས་ལྟར་གཅིག་ལས་གཅིག་སྤྱང་བ། བླ་བྲང་རྣམས་ཀྱང་གཅིག་ལས་གཅིག་ཞེད་སྣང་ཚ་བ་དེ་འདྲ་མིན་པར་བླ་མ་ལ་བླ་མའི་རྣམ་ཐར་དགོས། དགོན་པ་ལ་དགོན་པའི་ཐོས་བསམ་སྒོམ་གསུམ་དགོས་པ་ལས་གྲྭ་པ་གསོ་སྐྱོང་བྱེད་པ་དེ་བླ་མ་ལ་ཞབས་ཕྱི་བསྒྲུབ་པའི་ཆེད་དུ་མིན། བླ་བྲང་གིས་སྲིད་ཀྱི་བྱ་བ་བྱས་ན་ཡང་ཆོས་དང་མཐུན་དགོས་པ་ལས་བླ་མ་དང་གྲྭ་པ་གཉིས་ཀྱིས་ཆོས་ཁྲིམས་བསྲུང་དགོས་པ་ལ་བླ་བྲང་ལ་དགེ་སྡིག་གི་ཁྲིམས་མེད་པ་ལྟ་བུ་བྱ་མི་རུང་། མདོར་ན་བླ་མ་དང་དགོན་པ་སུ་ཡིན་ཀྱང་མཛད་པ་རྣམས་ཐབས་ལ་མཁས་དགོས་ཀྱང་ཆོས་དང་ཡང་མཐུན་དགོས་པ་ནི་འདི་ཉིད་ཆོས་ཡིན་པ་ལས་ཆབ་སྲིད་དང་ཚོང་ལས་མ་ཡིན་པ་ཤེས་དགོས་ཤིང་བརྗེད་མི་རུང་།

 

དེ་ནས་གལ་གནད་བཞི་པ་ནི་མཐུན་འབྲེལ་ཏེ། བཀའ་བརྒྱུད་པ་རྣམས་ཀྱིས་ཇི་ལྟར་སྡུག་ཀྱང་ད་ལྟའི་བཀའ་བརྒྱུད་པའི་བླ་མ་དང་དགོན་པ་ཁ་ཤས་མ་མཐུན་པའི་རྒྱུ་མཚན་གྱིས་བླ་མ་གོང་མ་རྣམས་ཀྱང་ཐུགས་མི་མཐུན་པ་ལྟར་ནམ་ཡང་བཟོ་མི་རུང་། འཆམ་མཐུན་ཡོང་བ་དང་འགལ་ཟླ་སེལ་བ་ལ་ནུས་པ་ཆེ་ཤོས་ནི་བླ་ཆེན་ཁག་དང་བླ་བྲང་ཁག་ཡིན་ན་ཡང་དེ་དག་གི་གནང་སྟངས་ལ་བལྟས་ན་ཇེ་སྡུག་ཏུ་མ་སོང་ན་ཇེ་བཟང་དུ་འགྲོ་བའི་རེ་བ་ཕྲ། རྒྱུ་མཚན་དེས་གོང་ནས་དབུ་ཁྲིད་རྣམས་ཀྱིས་གང་གནང་ན་ཡང་གཤམ་འོག་ནས་སློབ་མ་དཀྱུས་མ་རྣམས་ཀྱིས་རང་རང་གི་འགན་རང་རང་གིས་ཁུར་ཏེ་བཀའ་བརྒྱུད་པའི་མཐུན་འབྲེལ་ཇེ་བཟང་དུ་འགྲོ་བ་ལ་འབད་བརྩོན་བྱ་དགོས་ཤིང་། གདན་ས་བཀའ་བརྒྱུད་དང་། འབའ་རོམ། ཀམ་ཚང་། འབྲུག་པ། འབྲི་གུང་། སྟག་ལུང་སོགས་སུ་ཡིན་ཀྱང་། བཀའ་བརྒྱུད་པ་ཡིན་ནས་བཟུང་སྟེ་བྱེ་བྲག་གི་ཆོས་བརྒྱུད་མི་འདྲ་ན་ཡང་གཞི་རྩའི་ཆ་ནས་རང་རེའི་བཀའ་བརྒྱུད་ཡིན་སྙམ་པའི་བསམ་བློ་འདི་ངེས་པར་དགོས། ལྷག་པར་དུ་བྱུང་ན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་བཀའ་བརྒྱུད་སྔགས་མཛོད་དང་གདམས་ངག་མཛོད་ལྟ་བུ་བཀའ་བརྒྱུད་པའི་བརྒྱུད་པ་ཡོངས་ཀྱི་དབང་ལུང་མན་ངག་གལ་ཆེན་ཡོངས་སུ་རྫོགས་པ་ཕྱོགས་བསྒྲིགས་བྱས་ཏེ་དེ་ཉིད་བཀའ་བརྒྱུད་པ་ཡིན་ནས་བཟུང་སྟེ་སྐྱ་སེར་སུ་ཡིན་ལ་མ་ལྟོས་པར་ཞུ་ཐུབ་པ་དང་། དེ་ནས་ཉམས་ལེན་ཀྱང་གང་འཚམས་ཐུབ་པ་བྱུང་ན་བསྟན་པ་གནས་པ་དང་བརྒྱུད་པ་ནང་ཁུལ་འཆམས་ཡོང་བ་གཉིས་ཀར་དགེ་མཚན་ཆེ་བར་སེམས།

 

མདོར་ན་ལོ་རྒྱུས་ཐོག་བཀའ་བརྒྱུད་པ་རྣམས་ལ་ས་སྐྱ་པའི་དགག་པ་དང་། རྙིང་མ་པའི་ལུང་བསྟན། དགེ་ལུགས་པའི་ཆབ་སྲིད། བཀའ་བརྒྱུད་པ་རང་གི་རྨོངས་དད་ཆེ་བ་དང་། ཅལ་འགྲོགས་ཆེ་བ། ཤེས་ཡོན་ཆུང་བ། ཐབས་ལ་མི་མཁས་པ། མཐུན་ལམ་ཆུང་བ། རྙོག་གྲྭ་མང་བ་བཅས་ལ་བརྟེན་ནས་བཀའ་བརྒྱུད་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་རྣམས་མི་མངོན་པའི་དབྱིངས་སུ་ཐིམ་གྲབས་ཀྱང་མང་དུ་བྱུང་བ་ལ། ད་ནི་རང་ངོ་རང་གིས་ཤེས་ཤིང་། རང་འགན་རང་གིས་ཁུར་བའི་སྒོ་ནས། རང་མགོ་ཐོན་པ་ཞིག་ཤིན་ཏུ་ནས་གལ་ཆེ་བས། ཀརྨ་པ་དབང་ཕྱུག་རྡོ་རྗེས་སི་ཏུ་ཆོས་ཀྱི་རྒྱལ་མཚན་ལ་གནང་བའི་ཆབ་ཤོག་ལས། བསྟན་པའི་འཛིན་སྐྱོང་ལ་ཕྱར་བ་གྲུ་མགྱོགས་ཞིག་གི་རྩོལ་འདོན་ཞིག་ད་ནི་དུས་ལ་བབས། སྐབས་སུ་བབས་ངེས་པར་བབས། བསྟན་པ་ལ་ཕན་པར་ངེས། འགྲོ་དོན་འབྱུང་བར་ངེས། མཛད་དགོས་པར་ངེས། དེའི་ཕྱིར་བཀའ་བརྒྱུད་པའི་སྣང་བ་གདོང་དེད་ཀྱི་ཧབ་ཚལ་ལེ་བའི་ཆོས་འཇིག་རྟེན་གྱི་བྱ་བཞག་མ་གཏོགས་པ་ལེགས་པོ་ལོས་ཡིན་རུང་བཀའ་གདམས་བློ་ཆུང་འགའ་ཞིག་གི་ལུགས་དང་ཉན་རང་ཕྱི་བ་ཕྱོགས་གཅིག་པའི་ཏི་གུ་སྦྲེང་གི་བྱ་བས་ཅི་ཡང་མི་སྟུབ་པས་འཕྲལ་དུ་གདན་ས་ཆེན་པོ་ལ་ལག་རྗེས་འདི་ལྟ་བུ་ཞེས་པའི་སྙན་གྲགས་ཕྱོགས་བཅུར་ཁྱབ་པའི་གནང་སྐྱོང་ཞིག་ཅི་ནས་གལ་ཆེ་སྐབས་སུ་འདུག ཅེས་གསུངས་པའི་ཞལ་ཏ་འདི་ཉིད་སྐབས་དེ་དུས་ལས་ཀྱང་ད་ལྟའི་དུས་སུ་འོས་ཤིང་འཚམས་ཆེ་བར་སྣང་།

 

དེའི་དོན་དུ་བཀའ་བརྒྱུད་པའི་བསྟན་པ་འདི་ཉིད་ལ་ཞུགས་པའི་བླ་སློབ་སྐྱ་སེར་ཐམས་ཅད་ཀྱིས་འདི་དང་འདི་ལ་སོགས་པའི་གནད་འགག་རྣམས་ཤེས་ཤིང་། དེའི་དོན་དུ་ཤུགས་རྒྱག་དགོས་པ་ལས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འགན་ཁུར་དེ་སྐྱ་བོ་རྣམས་ཀྱིས་རབ་བྱུང་ཚོའི་སྒང་ལ་བཀལ། རབ་བྱུང་རྣམས་ཀྱི་མཁན་པོ་དང་སྤྲུལ་སྐུ། མཁན་སྤྲུལ་རྣམས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་རྐང་རྩེད་པོ་ལོ་བཞིན་དུ་གཏོད་རེས་བྱས་པས་མི་ཕན། གཞན་ཡང་འདས་པ་ནི་འདས་ཟིན་པའི་ཐོག་ཏུ་མ་འཇོན་པ་ཆ་ཚང་གཞན་གྱི་ནག་ཉེས་ལ་འདྲེན་པ་ནི་མི་འཇོན་མཁན་གྱི་ཁྱད་ཆོས་དང་ཤོས་དེ་ཡིན་པས་བཀའ་བརྒྱུད་པ་རྣམས་ཀྱིས་ཀྱང་འདས་པའི་དུས་རབས་ཁ་ཤས་ཀྱི་རིང་མ་འཇོན་པའི་ཁག་ཆ་ཚང་རྙིང་མ་དང་དགེ་ལུགས་ལ་འགེལ་བའི་ཚབ་ལ་གལ་ཆེ་ཤོས་བཀའ་བརྒྱུད་པ་རང་གི་བླ་མ་དང་སློབ་མ་རྣམས་ཀྱིས་ནོར་འཁྲུལ་གང་དང་གང་ཤོར་བ་ལས་བསླབ་བྱ་ལེན་དགོས། དེ་བཞིན་ཆོས་བརྒྱུད་ཆ་ཚང་ལ་སྐྱོན་ཡང་ཡོད་ཅིང་ཡོན་ཏན་ཀྱང་ཡོད་པས་དེ་དག་སོ་སོ་ལས་ལེགས་པའི་ཆ་ལ་སློབ་སྦྱོང་བྱས། ཉེས་པའི་ཆ་རྣམས་སྤོང་ཐབས་བྱས་ཏེ། མི་རིགས། ཕོ་མོ། སྐྱ་སེར། ཆེ་ཆུང་གི་ཁྱད་པར་མེད་པར་བརྒྱུད་པ་འདིར་ཞུགས་པའི་རང་གཞན་ཚང་མས་རང་གི་ཆོས་བརྒྱུད་འཛིན་ཐུབ་པ། བསྟན་པ་སྤྱི་ལ་ཞབས་འདེགས་ནུས་པ། དེ་ལ་བརྟེན་ནས་སེམས་ཅན་གྱི་བདེ་སྐྱིད་ལ་ཡང་ཕན་ཐོགས་པ་ཞིག་ཡོང་བར་འབད་བརྩོན་ཅི་ནུས་བྱེད་པ་ནི་ཆོས་ལ་ཞུགས་པའི་དགོས་ཆེད་གཙོ་བོ་དེ་ཡིན་པས་དེ་ལས་གལ་ཆེ་བ་ཅི་ཞིག་ཡོད།

 

ང་ནི་གྲྭ་པ་དཀྱུས་མ་ཞིག་ལས་བཀའ་བརྒྱུད་ཧྲིལ་པོར་ལམ་སྟོན་ཐུབ་མཁན་ཞིག་མིན་ཀྱང་། བཀའ་བརྒྱུད་ཀྱི་དགོན་པར་འཚར་ལོངས་བྱུང་ཞིང་། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་དུ་བཀའ་བརྒྱུད་པའི་ཆོས་དང་ལོ་རྒྱུས་ལ་མང་དུ་སྦྱངས་ཤིང་བསམ་གཞིག་ཡང་ཡང་བྱས་པའི་འབྲས་བུར་བྱུང་བའི་ལྟ་ཚུལ་འདི་དག་དཔྱད་གཞིའི་ཚུལ་དུ་བྲིས་ནས་སྤེལ་འདོད་བྱུང་ཞིང་། འདིར་ཚིག་གི་ཆ་ནས་ཅུང་རྩུབ་ཡོད་ལས་ཆེ་ན་ཡང་། ཀརྨ་འཕྲིན་ལས་པ་ཆེན་པོས། སྨྲ་བ་འཇམ་པོས་ནི་གཞན་གྱི་འདོད་པ་འགོག་མི་ནུས། ཞེས་གསུངས་པ་ལྟར་ཡིན། དེ་ལས་གཞན་དོན་གྱི་ཆ་ནས་སུར་ཕོག་ཐུག་ཤོར་ན། ཇོ་ནང་ཏཱ་ར་ནཱ་ཐས་རང་རྣམ་ལས། ངས་ནི་ཁྱི་ལུད་དེ་འདྲ་ནོར་བུ་རང་ཤིན་ཏུ་ཡིན་པ་གདའ་ལགས་ཧ་ཡི་ཕ་ཕ་ཟེར་བ་མཁས་འཇུག་ཀྱག་ཁྲམ་དེ་འདྲ་སྔར་ཡང་བྱེད་མ་མྱོང་། ད་ཡང་མི་བྱེད། གཏམ་དྲང་ཐལ་ལེ་སྨྲ་མཁན་དེ་ཡིན། རི་གཟར་གྱི་རྦབ་ལྟར་འཕོག་ཐུག་མང་སེ་བ་ཅིག་ཡོང་སྟེ། འཕོག་ཐུག་བྱུང་བ་ཚོ་རང་འཕོག་ཐུག་ཡོང་སར་བཞུགས་པས་ལན། ཞེས་གསུངས་པ་ལྟར་ལགས་པས་བསྟན་པ་ཉམས་སུ་བཅུག་པས་སུར་ཡང་ཕོག་ཐུག་མི་འགྲོ་ན་ང་ལྟ་བུའི་ཚིག་རེ་ཟུང་གིས་སུར་ཕོག་ཐུག་ཤོར་བར་ཧ་ལས་རྒྱུ་མི་འདུག སྐྱོན་འཚོལ་མཁན་ལ་ནི་ང་རང་ཧྲིལ་པོ་སྐྱོན་ཡིན་པས་ཟུར་དུ་འཚོལ་དགོས་དོན་མེད། ཡོན་ཏན་དགོས་མཁན་ལ། དཔལ་ལྡན་ཆོས་གྲགས་ཀྱིས་རྣམ་འགྲེལ་ལས། སྐྱེས་བུ་མང་དུ་སྨྲ་བ་ལ།། བདེན་པའི་དོན་གཅིག་མེད་པ་མིན།། ཞེས་གསུངས་པ་ལྟར་ཅུང་ཕན་ཐོགས་ཀྱང་སྲིད་པས་ན་རྩོམ་རིང་འདི་ཉིད་ད་རེས་སྤེལ་བ་ཡིན།

བཀའ་བརྒྱུད་གསེར་ཕྲེང་།