བཀའ་བརྒྱུད་དྲ་བར་ཕེབས་བསུ་ཞུ།
   
རྒྱལ་དབང་ཀརྨ་པ།
བཀའ་བརྒྱུད་སྨོན་ལམ་ཐོག་གི་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གི་དགོངས་འཆར་གསུམ།
རྩོམ་ཁུངས། | རྩོམ་པ་པོ།ཀརྨ་པ་འཕྲིན་ལས་རྡོ་རྗེ། | སྤེལ་དུས། 2020-11-05 | 2563 བཀླགས་གྲངས། | 分享到:
གཞི་གསུམ་ཕྱག་བཞེས་ཀྱི་སྐོར། དེ་ཡང་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཡོད་མེད་དེ་གཞི་གསུམ་གྱི་འདུལ་བའི་ཕྱག་ལེན་ནན་ཏན་ཡོད་མེད་ལ་རག་ལས་པ་རེད་ཅེས་དམ་པའི་ཆོས་འདུལ་བའི་གཞུང་ལུགས་ནང་དུ་གསུང་ཡོད་རེད། དེ་གསུངས་ཡོད་པ་ཡིན་ཙང་ང་རང་ཚོའི་དགོན་སྡེ་ཁག་གི་ནང་ལ་གཞི་གསུམ་ཕྱག་ལེན་མི་མཚུངས་པ་འགའ་ཤས་ཡོང་བསྡད་ཀྱི་འདུག

དགོངས་འཆར་དང་པོ། 

   གཞི་གསུམ་ཕྱག་བཞེས་ཀྱི་སྐོར། དེ་ཡང་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཡོད་མེད་དེ་གཞི་གསུམ་གྱི་འདུལ་བའི་ཕྱག་ལེན་ནན་ཏན་ཡོད་མེད་ལ་རག་ལས་པ་རེད་ཅེས་དམ་པའི་ཆོས་འདུལ་བའི་གཞུང་ལུགས་ནང་དུ་གསུང་ཡོད་རེད། དེ་གསུངས་ཡོད་པ་ཡིན་ཙང་ང་རང་ཚོའི་དགོན་སྡེ་ཁག་གི་ནང་ལ་གཞི་གསུམ་ཕྱག་ལེན་མི་མཚུངས་པ་འགའ་ཤས་ཡོང་བསྡད་ཀྱི་འདུག ཡང་དེའི་སྐོར་འགའ་ཤས་འདུལ་བ་དང་མི་མཐུན་པ་ཡང་འདུག་བསམ་བྱུང་། བྱས་ཙང་དེ་དག་གང་འདུལ་བའི་དགོངས་པ་དང་མཐུན་པ་ཡིན། གང་འདུལ་བའི་དགོངས་པ་དང་མི་མཐུན་པ་ཡིན། དགུན་ཆོས་སྐབས་བརྟག་དཔྱད་བྱས་བགྲོ་གླེང་བྱས་པ་རེད། བགྲོ་གླེང་བྱས་ཉི་མ་འགའ་ཤས་ཤིག་གི་རིང་སྐད་ཆ་བཤད་པ་ཙམ་གྱིས་མི་ཕན་པར་དངོས་སུ་ལག་ལེན་བསྟར་དགོས་ཀྱི་ཡོད་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་ངས་སྐབས་དེ་དུས་ནས་དགོན་སྡེ་ཁག་གི་བཤད་གྲྭ་ཁག་ལ་ཞུ་རྒྱུ་བྱུང་སོང་། ང་རང་ཚོས་གཞི་གསུམ་གྱི་ཕྱག་ལེན་སྐོར་བགྲོ་གླེང་བྱས་པ་ནང་བཞིན་གང་འདུལ་བའི་དགོངས་པ་དང་མཐུན་པ་གང་ཡིན་པ་དེ་ལ་གོམ་པ་གཅིག་མ་གཏོགས་སྤོ་མ་ཐུབ་པ་ཡིན་ནའང་སྤོ་དགོས་ཀྱི་ཡོད་རེད། ལག་ལེན་བསྟར་དགོས་ཀྱི་ཡོད་རེད་མ་གཏོགས། འདི་འདྲ་བྱས་མུ་མཐུད་ནས་བསྡད་སྡོད་པ་ཡིན་ན་བསྟན་པ་འཇིག་འགྲོ་བའི་ཉེན་ཁ་རེད། གཞི་གསུམ་གྱི་ཕྱག་ལེན་རྣམ་དག་ཅིག་ཡོང་ས་མ་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་ད་ལོ་ནས་ལག་ལེན་བསྟར་བ་ལ་དངོས་སུ་འགོ་བཙུགས་པ་རེད། གོང་གི་བསམ་འཆར་དེ་དག་ང་རང་གཅིག་པོའི་བསམ་འཆར་མ་རེད་མི་ཚང་མར་གྲོས་བསྡུར་བྱས་པ་རེད། ལག་ལེན་ག་རེ་བསྟར་དགོས་ཀྱི་ཡོད་རེད་ཟེར་ན། དགག་དགོས་བྱུང་ན་མ་གཏོགས་དབྱར་སྔ་མ་ཁས་ལེན་དགོས་པ། དབྱར་ཟླ་བ་ཧྲིལ་པོ་གསུམ་དུ་གནས་དགོས་པ། དེ་ཡི་རིང་ལ་སྨོན་ལམ་སྐབས་ཀྱི་སྒྲིག་ལམ་ཀུན་སྤྱོད་དང་མཐུན་པར་དངོས་སུ་ལག་ལེན་བསྟར་དགོས་ཚུལ་སོགས་གསུངས།


དགོངས་འཆར་གཉིས་པ།

 བཙུན་མ་རྣམས་ལ་གདམས་པ། སྤྱིར་བཏང་ཆོས་བྱེད་མཁན་གྱི་གང་ཟག་ལ་ཕོ་མོ་གཉིས་ཡོད་རེད། དེ་བཞིན་དུ་བཅོམ་ལྡན་འདས་ལ་འཁོར་རྣམ་པ་བཞི་ཡོད་རེད། དེ་བཞི་པོ་དེ་སངས་རྒྱས་བསྟན་པའི་ཁང་བཟང་གི་གདུང་མ་འདེགས་བྱེད་ཀྱི་ཀ་བ་ལྟ་བུ་ཆགས་བསྡད་ཀྱི་ཡོད་རེད། དེའི་རྒྱུ་མཚན་གྱིས་རབ་ཏུ་བྱུང་བ་ཕོ་མོ་དང་ཁྱིམ་པ་ཕོ་མོ་ཚོའི་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ལ་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་རེད་འདུག དེའི་ནང་ནས་ཀྱང་བུད་མེད་རབ་ཏུ་བྱུང་བ་དང་རབ་ཏུ་མ་བྱུང་བ་དེ་དག་ཐམས་ཅད་ཀྱི་ཆོས་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ལ་དོ་སྣང་ཆེ་ཙམ་བྱེད་དགོས་ཀྱི་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་བུད་མེད་ལ་སངས་རྒྱས་པའི་ལམ་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པའི་གོ་སྐབས་གནང་ཡོད་རེད། ང་རང་ཚོ་རྗེས་སུ་འཇུག་པ་ཚོས་ཀྱང་དེ་འདྲ་གོ་སྐབས་གནང་བ་ནང་བཞིན་འབུལ་ཐུབ་པ་དགོས་པ་ཞིག་དང་། གོ་སྐབས་ལེན་མཁན་ཚོས་ཀྱང་གོ་སྐབས་དེ་ལེན་ཤིང་གྲུབ་འབྲས་ལོན་ཐུབ་པ་ཞིག་བྱེད་དགོས་པ་གལ་ཆེན་པོ་རེད་འདུག དེ་ཡིན་དུས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་ཀཾ་ཚང་གི་བཙུན་མའི་དགོན་པ་མི་ཉུང་བ་ཞིག་ཡོད་པ་དེ་ཚོའི་ནང་ལ་སྤྱིར་བཏང་གི་ནམ་རྒྱུན་ཆོ་ག་ཕྱག་ལེན་གྱི་སྐོར་དེ་ཚོ་ཡོད་རེད། ཡིན་ན་ཡང་གཞུང་ཆེན་མོ་ཁག་ལ་ཐོས་བསམ་བྱེད་ཡག་ཕྲན་བུ་ཕྲན་བུ་ཙམ་ཡོད་རེད་དེ། གྲྭ་པ་ཚོ་ནང་བཞིན་གོ་སྐབས་དང་མཐུན་རྐྱེན་ཆ་ཚང་བ་ཕུན་སུམ་ཚོགས་པ་ཞིག་ཡོད་མ་རེད། དེ་འདྲ་མེད་དུས་ང་རང་ཚོས་མཐུན་རྐྱེན་ཆ་ཚང་བ་ཞིག་དང་གོ་སྐབས་ཆ་ཚང་བ་ཞིག་བསྐྲུན་པར་འབད་བརྩོན་བྱེད་དགོས། ཞེས་སོགས་གསུངས།


དགོངས་འཆར་གསུམ་པ།

  བཤད་གྲྭ་དང་ཆོགས་གྲྭ་ཁག་ལ་གདམས་པ། སྤྱིར་བཏང་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ན་ལེནྜ་ལ་སོགས་པའི་ཆོས་སྡེ་དེ་ཚོའི་ནང་དུ་བཤད་གྲྭ་དང་སྒྲུབ་གྲྭ་ཟེར་ནས་ཁག་ཁག་ཡོད་རྒྱུ་མ་རེད། བཤད་སྒྲུབ་ཟུང་འབྲེལ་ཉམས་སུ་ལེན་བསྡད་མཁན་རྐྱང་རྐྱང་མ་གཏོགས། བཤད་གྲྭ་ཟེར་དུས་སྒྲུབ་པ་མི་བྱེད་མཁན་དང་སྒྲུབ་གྲྭ་ཟེར་དུས་ཐོས་བསམ་མི་བྱེད་མཁན་དེ་འདྲ་ཡོད་རྒྱུ་མ་རེད། དེ་འདྲ་བའི་བཤད་སྒྲུབ་ཡ་བྲལ་ཡོད་རྒྱུ་མ་རེད། དེའི་རྒྱུ་མཚན་གྱིས་བཤད་སྒྲུབ་ཟུང་དུ་འབྲེལ་བ་ཞིག་དང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་དགོས་པ་གལ་ཆེན་པོ་རེད་འདུག རྒྱུ་མཚན་དེའི་ཕྱིར་བཤད་གྲྭ་ནང་ལ་སྒྲུབ་པ་ཉམས་ལེན་ལ་དོ་སྣང་བྱེད་དགོས་པ་རེད་འདུག ཚོགས་གྲྭའི་ནང་དུ་དམིགས་བསལ་དུས་རྒྱུན་དཔེ་ཆ་ཁྲིད་རྒྱུ་གང་ཡོད་མ་རེད། བྱས་ཙང་དམིགས་བསལ་ཚོགས་གྲྭ་དེ་ཚོའི་ནང་ལོག་ལ་དུས་རྒྱུན་དུ་ཐོབ་བསམ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དགོན་པའི་འགན་ཁུར་མཁན་ཚོས་ག་འདྲ་བྱེད་དགོས་ས་རེད། གཞན་རྒྱ་ཆེན་པོ་མ་བྱུང་ན་ཡང་། དཔེར་ན་སྤྱོད་འཇུག་ཆེན་མོ་དང་སྐྱེས་བུ་གསུམ་གྱི་ལམ་རིམ་དང་། རྒྱལ་སྲས་ལག་ལེན་སོགས་ཁྲིད་ནས་གཞུང་ཆེན་མོ་ཁག་ལ་གོ་བ་ཆགས་ཐུབ་པ་བྱུང་བ་ཡིན་ན་ཡག་པོ་ཡོད་ས་རེད། ང་རང་ངོས་ནས་ཀྱང་ལག་ལེན་བསྟར་ཕྱོགས་ལ་བསམ་མནོ་གཏང་གི་ཡིན་ལ། དགོན་པ་ཁག་གི་དབུ་ཁྲིད་མཁན་ཚོས་ཀྱང་དེ་བཞིན་ཐུགས་བསམ་བཞེད་རྒྱུ་གལ་ཆེན་པོ་རེད་འདུག ཅེས་སོགས་གསུངས།

བཀའ་བརྒྱུད་གསེར་ཕྲེང་།